དུས་དང་སྐབས་དེའི་སྐོར་ལ་སྤུན་ཁྱེད་རྣམས་ལ་འབྲི་དགོས་མི་འདུག  མཚན་མོར་རྐུན་མ་འོང་བ་ལྟར་གཙོ་བོའི་ཉིན་མོ་འོང་བ་ནི་ཁྱེད་ཚོས་ལེགས་པར་ཤེས་སོ།  མི་རྣམས་ཀྱིས་དུས་བདེ་ཞི་འཇམ་ཡོད་དོ་ཟེར་བའི་དུས་སུ། སྦྲུམ་མ་བཙའ་མཁན་མར་སྐྱེ་གཟེར་གྱིས་འཐེབ་པ་ལྟར་འཇིགས་པ་གློ་བུར་དུ་འོང་ནས་དེ་རྣམས་ལ་ཐར་ས་མེད་དོ།  ཁྱེད་སྤུན་རྣམས་མུན་པའི་ནང་ན་མེད་པས། ཉིན་མོ་དེས་རྐུན་མ་ལྟར་འཛིན་མི་ཡོང་།  ཁྱེད་ཚོ་འོད་དང་ཉིན་མོའི་སྲས་ཡིན། ང་ཚོ་ནི་མཚན་དང་མུན་པའི་མ་ཡིན།  གཞན་རྣམས་དང་འདྲ་བར་གཉིད་མ་ལོག་པར་གཅང་བྱས་ཏེ། རན་པར་གནས་ཤིག  གཉིད་ལོག་པ་ཚོ་ནི་མཚན་ལ་ལོག་སྟེ། ར་བཟི་བ་ཚོ་ནི་མཚན་ལ་བཟིའོ།  ང་ཚོ་ཉིན་མོའི་ཡིན་པ་རྣམས་ཀྱིས་ར་མ་བཟི་བར་དད་པ་དང་བྱམས་པའི་ཁྲབ་དང་། ཐར་པའི་རེ་བའི་རྨོག་གོན་དགོས། ༩-༡༠ དཀོན་མཆོག་གིས་ང་ཚོ་ལ་ཐུགས་ཁྲོ་བ་ཕོག་པའི་དོན་དུ་མ་བསྐོས་ཀྱིས། ང་ཚོ་གསོན་རུང་ཤི་རུང་ཉིད་དང་ལྷན་ཅིག་ཏུ་གནས་པའི་ཕྱིར་དུ་གྲོངས་པའི་ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐབས་ཀྱིས་ཐར་པ་ཐོབ་པའི་དོན་དུ་བསྐོས་སོ། ༡༡ ཁྱེད་ཀྱིས་བྱེད་པ་བཞིན་དུ་ཕན་ཚུན་སྙིང་རུས་འཇུག་ཅིང་། ཡར་སྐྱེད་དུ་ཐོང་ཞིག
༡༢ ཁྱེད་སྤུན་རྣམས་ཀྱི་ནང་ལ་ལས་བྱེད་ཅིང་། གཙོ་བོའི་ཕྱིར་ཁྱེད་ཀྱི་འགོ་བྱེད་པ་དང་བསླབ་བྱ་སྟོན་པ་རྣམས་ལ་སྟི་སྟང་བྱེད་ཅིང་། ༡༣ དེ་ཚོའི་ལས་ཀྱི་ཕྱིར་དེ་རྣམས་ལ་ཤིན་ཏུ་གཅེས་པར་འཛིན་ཅིང་མོས་གུས་བྱོས་ཤིག་ཅེས་ཞུའོ། མཐུན་ནས་སྡོད་ཅིག ༡༤ སྤུན་རྣམས། ལེ་ལོ་བྱེད་མཁན་ལ་བསླབ་བྱ་ཐོང་ཞིག སྙིང་ཆུང་བ་ལ་སྙིང་རུས་ཆུག་ཅིག ཞན་པ་ལ་རོགས་བྱོས་ཤིག ཐམས་ཅད་ལ་བཟོད་པ་སྒོམ་ཞིག ༡༥ ངན་ལན་ངན་པས་མ་འཇལ་ཞིག ཁྱེད་རང་ཕན་ཚུན་མ་ཟད་གཞན་ཐམས་ཅད་ལའང་བཟང་པོ་བྱེད་པར་བརྩོན་ཞིག ཅེས་སྐུལ་ལོ༎
༡༦ རྟག་ཏུ་དགའ་བར་གྱུར་ཅིག ༡༧ རྒྱུན་ཆད་མེད་པར་སྨོན་ལམ་ཐོབ་ཅིག ༡༨ གནས་ལུགས་ཐམས་ཅད་དུ་གཏང་རག་ཕུལ་ཞིག དེ་ནི་མཱ་ཤི་ཀ་ཡེ་ཤུ་རྒྱུད་ནས་ཁྱེད་ཚོའི་ཕྱིར་དཀོན་མཆོག་གི་ཐུགས་དགོངས་སོ། ༡༩ ཐུགས་ཉིད་ཀྱི་སྒྲོན་མེ་མ་གསད་ཅིག ༢༠ ལུང་བསྟན་རྣམས་ལ་མ་སྨད་ཅིག ༢༡ ཐམས་ཅད་བརྟགས་ནས་བཟང་པོ་དེ་ཆོངས་ཤིག ༢༢ རྣམ་པ་ཐམས་ཅད་དུ་ངན་པ་སྤོངས་ཤིག
༢༣ ཞི་བདེའི་དཀོན་མཆོག་ཉིད་ཀྱིས་ཁྱེད་ཡོངས་སུ་དམ་པ་མཛད་པར་ཤོག་ཅིག ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་འབྱོན་པའི་ཚེ། ཁྱེད་ཀྱི་ལུས་དང་སྲོག་དང་མཉམ་དུ་ལུས་སྲོག་སེམས་གསུམ་སྐྱོན་མེད་སྲུང་བར་ཤོག་ཅིག ༢༤ ཁྱེད་ལ་བོས་པ་ཁོང་ནི་བསླུ་མེད་ལགས་པས། སྒྲུབ་པར་འགྱུར་རོ༎
༢༥ སྤུན་རྣམས། ང་ཚོའི་ཕྱིར་སྨོན་ལམ་ཞུས་ཤིག ༢༦ དམ་པའི་འོ་བཅས་སྤུན་ཐམས་ཅད་ལ་ཕྱག་བྱོས་ཤིག ༢༧ ཡི་གེ་འདི་སྤུན་ཐམས་ཅད་ལ་སྒྲོག་དགོས་ཞེས་ཁྱེད་ལ་གཙོ་བོའི་མནའ་འགེལ་ལོ༎
༢༨ ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་ཁྱེད་ལ་འབབ་པར་ཤོག་ཅིག། ༎