ངའི་བུ་ཁྱོད་མཱ་ཤི་ཀ་ཡེ་ཤུའི་ཐུགས་རྗེའི་ནང་དུ་སྟོབས་དང་ལྡན་པར་གྱུར་ཅིག  དཔང་པོ་མང་པོའི་མདུན་དུ་ང་ལས་ཐོས་པ་རྣམས། གཞན་ལའང་བསྟན་ནུས་པའི་སྐྱེས་བུ་དད་ལྡན་རྣམས་ལ་གཏོད་ཅིག  མཱ་ཤི་ཀ་ཡེ་ཤུའི་དམག་མི་དྲང་པོའི་ཚུལ་དུ་ང་དང་མཉམ་དུ་སྡུག་བསྔལ་གྱི་འགན་ཁུར་ཞིག  དམག་མི་ཞིག་གིས་རང་གི་དམག་དཔོན་མགུ་བ་ལ་བརྩོན་པ་ལས། འཇིག་རྟེན་གྱི་བྱ་བའི་ནང་མི་འདྲེའོ།  གྱད་པས་ཁྲིམས་བཞིན་དུ་མི་འགྲན་ན་གཙུག་རྒྱན་མི་ཐོབ་བོ།  རྩོལ་བས་ཞིང་འབད་མཁན་ལ་སྟོན་ཐོག་གི་སྐལ་བ་བཟང་པོ་དེ་ཐོབ་པར་དགོས་སོ།  གཙོ་བོས་ཁྱོད་ལ་ཐམས་ཅད་ཀྱི་རྟོགས་པ་གནང་བར་འགྱུར་བས། ངས་སྨྲས་པ་དེ་ལ་བསམ་བློ་ཐོང་ཞིག
 ངས་བཤད་པའི་ཕྲིན་བཟང་ལྟར། དཱ་བིད་ཀྱི་གདུང་བརྒྱུད་ལགས་ཤིང་། གཤིན་པོའི་ཁྲོད་ནས་གསོན་པོར་བཞེངས་པའི་ཡེ་ཤུ་མཱ་ཤི་ཀ་དྲན་པར་གྱིས་ཤིག  ཕྲིན་བཟང་དེའི་དོན་དུ་ངས་ནག་ཅན་ཞིག་འདྲར་ལྕགས་སྒྲོག་གི་སྡུག་བསྔལ་མྱོང་ཡང་། དཀོན་མཆོག་གི་བཀའ་ལྕགས་སྒྲོག་གིས་བཅིངས་མེད་པས། ༡༠ འདམས་པ་རྣམས་ལའང་མཐའ་མེད་པའི་གཟི་བརྗིད་དང་བཅས་ཡེ་ཤུ་མཱ་ཤི་ཀའི་ཐར་པ་ཐོབ་པའི་དོན་དུ་ཐམས་ཅད་ཐེག་གོ།
༡༡ ང་ཚོ་ཁོང་མཉམ་ཤི་བས་ན༎
ཁོང་དང་མཉམ་དུ་གསོན་པའང་འགྱུར༎
༡༢ ང་ཚོ་བརྟན་པོར་གནས་འགྱུར་ན༎
ཁོང་མཉམ་རྒྱལ་སྲིད་སྐྱོང་བར་བྱ༎
༡༣ ང་ཚོས་ཁོང་ལ་རྒྱབ་ལོག་ཀྱང་༎
ཁོང་ནི་འགྱུར་མེད་ལགས་པས་ན༎
ང་ཚོ་འགྱུར་ཀྱང་ཁོང་མི་འགྱུར༎
ཞེས་པའི་གཏམ་བདེན་ནོ། ༡༤ མི་ཕན་ཞིང་ཉན་མཁན་ལ་གནོད་པའི་ཆོས་རྩོད་ལས་ཟོན་བྱེད་པའི་ཕྱིར། གཙོ་བོ་དཔང་དུ་བཙུག་ནས་བསླབ་བྱ་བྱེད་ཅིང་དྲན་སྐུལ་ཞིག ༡༥ ཁྱོད་རང་ཁྲེལ་མི་དགོས་པ་དང་། བདེན་པའི་བཀའ་ལེགས་པར་སྟོན་པའི་ལས་བྱེད་དཀོན་མཆོག་གི་ཐུགས་སུ་འབྱོན་པ་ཞིག་ཡིན་པ་ལ་འབུངས་ཤིག ༡༦ དོན་མེད་ཀྱི་རྒྱ་ལབ་སྤོངས་ཤིག དེས་མི་རྣམས་དཀོན་མཆོག་ལ་མི་ཆགས་པའི་ཕྱོགས་སུ་ལྷག་པར་འདྲེན་ཞིང་། ༡༧ དེ་ཚོའི་གཏམ་གྱིས་གཉན་ནད་ལྟར་ཟ་བར་འགྱུར་རོ། ཧི་མེ་ནཱ་ཡུ་དང་ཕི་ལེ་ཐུ་དེ་རྣམས་ཀྱི་ཁྲོད་ནས་ཡིན་ཅིང་། ༡༨ གཤིན་པོ་རྣམས་ལང་བ་དེ་བྱུང་ཟིན་ཟེར་ཞིང་བདེན་པའི་ལམ་ལས་འཁྱར་ནས། ཁ་ཅིག་གི་དད་པ་བཤིག་གོ། ༡༩ འོན་ཀྱང་གཙོ་བོས་ཉིད་ཀྱི་མི་རྣམས་མཁྱེན་ནོ་ཞེས་དང་། གཙོ་བོའི་མཚན་བརྗོད་ཚད་ཀྱིས་མི་རིགས་པ་སྤོངས་ཤིག་ཅེས་པའི་ཕྱག་རྒྱ་བཏབ་ཡོད་པའི་དཀོན་མཆོག་གི་རྩིག་རྨང་བརྟན་པོར་གནས་སོ། ༢༠ ཁང་པ་ཆེན་པོ་ཞིག་གི་ནང་ན། གསེར་དངུལ་གྱི་སྣོད་ཙམ་མ་ཟད་ཤིང་དང་རྫའི་སྣོད་ཀྱང་ཡོད་དེ། ཁ་ཅིག་གཙང་ཞིང་ཁ་ཅིག་མི་གཙང་ངོ་། ༢༡ མི་ཞིག་མི་གཙང་བ་དེ་ལས་གཙང་བར་འགྱུར་ན་སྣོད་དུ་རུང་བ་དང་། དམ་པ་དང་། ཁྱིམ་བདག་ལ་ཕན་པ་དང་། ལས་བཟང་པོ་གང་ལའང་གྲ་འགྲིག་ཡོད་པའི་སྣོད་དུ་འགྱུར་རོ། ༢༢ གཞོན་ནུའི་འདོད་པ་རྣམས་ལས་བློ་ཟློག་ཅིག སྙིང་ཐག་པ་ནས་གཙོ་བོའི་མཚན་རྗོད་མཁན་རྣམས་དང་མཉམ་དུ་རྣམ་པར་དག་པ་དང་། དད་པ་དང་བྱམས་པ་དང་། སྡུམ་པ་ལ་སྙེགས་ཤིག ༢༣ གླེན་ཞིང་དོན་མེད་ཀྱི་ཆོས་ཀྱི་རྩོད་གླེང་གིས་འཐབ་རྩོད་སླང་བ་ཁྱོད་ཀྱིས་ཤེས་པས། དེ་སྤོངས་ཤིག ༢༤ གཙོ་བོའི་ཞབས་ཕྱིས་རྩོད་པར་མི་རིགས་ཀྱིས། ཐམས་ཅད་ལ་འཇམ་ཞིང་། སློབ་དཔོན་བྱེད་ནུས་པ། ངང་རིང་བ། ༢༥ རྒོལ་མཁན་རྣམས་ལ་འཇམ་པོའི་སྒོ་ནས་སློབ་སྟོན་བྱེད་མཁན་ཡིན་པར་རིགས་སོ༎ ༢༦ ༼གནའ་བོའི་བཤུས་ཡིག་ལ་ལར་ཚིག་བཅད་འདི་མེད་པ་ཡིན།༽