༣
དུས་མཐའ་མར་དུས་དཀའ་བ་འོང་བར་འགྱུར་བ་ཤེས་ཤིག ༢ དེའི་ཚེ་མི་རྣམས་རང་ལ་ཆགས་མཁན་དང་། དངུལ་ལ་ཆགས་མཁན་དང་། ཁེངས་དྲེགས་ཅན་དང་། ང་རྒྱལ་ཅན་དང་། ཚིག་རྩུབ་སྨྲ་མཁན་དང་། ཕ་མ་ལ་མི་རྩི་མཁན་དང་། དྲིན་མི་དྲན་མཁན་དང་། གྲིབ་ཅན་དང་། ༣ བརྩེ་སེམས་མེད་པ། རྒྱུད་གྱོང་པོ། ཕྲ་མ་མཁན། སེམས་མ་ཆུན་པ། གཏུམ་པོ། དགེ་བར་མི་སྤྲོ་བ། ༤ ངོ་ལོག་མཁན་བསམ་མནོ་མེད་པ། ང་རྒྱལ་གྱིས་ཁེངས་པ། དཀོན་མཆོག་ལས་འདོད་ཡོན་ལ་ལྷག་པར་ཆགས་མཁན་དང་། ༥ ཆོས་ཀྱི་གཟུགས་ཙམ་ལས་སྙིང་པོ་དང་བྲལ་བ་རྣམས་འབྱུང་བར་འགྱུར་རོ། དེ་རྣམས་ལས་འབྱོལ་ཞིག ༦-༧ དེ་ལྟ་བུའི་མི་རྣམས་ཀྱིས་ཁང་པ་རྣམས་ཀྱི་ནང་དུ་ཞུགས་ཏེ། སྡིག་པས་མནོན་ཞིང་འདོད་པས་གཡོ་བའི། རྟག་ཏུ་སློབ་ཀྱང་བདེན་པ་རྟོགས་པའི་ཚད་དུ་ནམ་ཡང་མི་སླེབས་པའི་བུད་མེད་བསམ་མེད་རྣམས་དབང་དུ་སྡུའོ། ༨ ཇི་ལྟར་ཡན་ནེ་དང་ཡམ་བ་རེ་གཉིས་ཀྱིས་མོ་ཤེ་ལ་རྒོལ་བ་ལྟར། སེམས་བརླགས་ཤིང་དད་པ་ཟོག་པོའི་མི་འདི་རྣམས་ཀྱིས་བདེན་པ་ལ་རྒོལ་ཡང་། ༩ སྔར་མོ་ཤེའི་དུས་ལ་བྱུང་བ་ལྟར། དེ་རྣམས་ཀྱི་གཏི་མུག་པ་མི་ཐམས་ཅད་ཀྱིས་ཤེས་འོང་བས། དར་བར་མི་འགྱུར་རོ༎༡༠ ངའི་ཆོས་བསྟན་པ་དང་། སྤྱོད་ལམ་དང་། འདོད་དོན་དང་། དད་པ་དང་། སྲན་སེམས་དང་། བྱམས་སེམས་དང་། བཟོད་པ་དང་། ༡༡ ང་ལ་འཚེ་བ་དང་། ཨན་ཏི་ཡོག་ཡུལ། ཨི་ཀོན་ཡུལ་དང་། ལིས་ཏྲ་ཡུལ་དུ་ང་ལ་ཅི་བྱུང་བ་དང་། སྡུག་བསྔལ་ཅི་མྱངས་པ་དང་། གཙོ་བོས་ང་དེ་ཐམས་ཅད་ལས་ཐར་བར་མཛད་པ་ཁྱོད་ཀྱིས་དངོས་སུ་མཐོང་ངོ་། ༡༢ མཱ་ཤི་ཀ་ཡེ་ཤུ་བསྟེན་ཞིང་ཆོས་དང་མཐུན་པར་འཚོ་བར་འདོད་པ་ཐམས་ཅད་ཀྱིས་གནོད་འཚེ་མྱོང་ཞིང་། ༡༣ ངན་པ་དང་ཟོག་ཆོས་པ་རྣམས་རང་གཞན་གཉིས་ཀྱི་མགོ་སླུ་ཞིང་ཐུ་རུ་འགྲོའོ། ༡༤ ཁྱོད་ཀྱིས་ནི་སུ་ལས་སློབ་པ་དེ་ཤེས་ཤིང་། བསླབ་བྱ་དང་དད་པའི་ནང་དུ་གནས་ཤིག ༡༥ མཱ་ཤི་ཀ་ཡེ་ཤུ་ལ་དད་པའི་སྒོ་ནས་ཐར་པའི་ཤེས་རབ་གནང་བར་ནུས་པའི་དམ་པའི་གསུང་རབ་ནི་ཁྱོད་ཀྱིས་ཆུང་དུས་ནས་ཤེས་སོ། ༡༦-༡༧ དཀོན་མཆོག་གི་སྐྱེས་བུ་མཐར་ཕྱིན་ཏེ། དགེ་བ་ཅི་རིགས་ཀྱི་ཕྱིར་རྒྱུ་ཆས་དང་ལྡན་པའི་ཆེད་དུ། དཀོན་མཆོག་གིས་ལུང་དུ་བསྟན་པའི་མདོ་ཐམས་ཅད་ནི། སློབ་དཔོན་དང་། སྐྱོན་སྟོན་པ་དང་། སྲོང་བ་དང་། རྣམ་པར་དག་པའི་ཕྱོགས་སུ་འདུལ་བ་ལ་ཕན་ནོ༎