ཏི་ཏུ་ལ་བསྐུར་པའི་འཕྲིན་ཡིག
དཀོན་མཆོག་གིས་འདམས་པ་རྣམས་ཀྱི་དད་པ་དང་ཆོས་དང་ལྡན་པའི་རྟོགས་པ་རྒྱས་པར་འཇུག་པའི་ཕྱིར།  རྫུན་མི་གསུང་བའི་དཀོན་མཆོག་གིས་ཐོག་མ་ནས་ཞལ་གྱིས་བཞེས་པའི་མཐའ་མེད་པའི་ཚེ་ལ་རེ་ཞིང་།  ང་ཚོའི་སྐྱབས་མགོན་ལགས་པའི་དཀོན་མཆོག་གི་བཀའ་ཡིས་ང་ལ་བཏད་པའི་བསྟན་པའི་སྒོ་ནས། དུས་ལ་བབས་པ་དང་ཉིད་ཀྱི་བཀའ་མངོན་པར་མཛད་པའི་དཀོན་མཆོག་གི་ཞབས་ཕྱི་དང་། ཡེ་ཤུ་མཱ་ཤི་ཀའི་སྐུ་ཚབ་ཡིན་པའི་པའུ་ལུ་ངས།  དད་པ་གཅིག་པའི་ངའི་བདེན་པའི་བུ་ཏི་ཏུ་ལ། ང་ཚོའི་དཀོན་མཆོག་ཡབ་དང་སྐྱབས་མགོན་མཱ་ཤི་ཀ་ཡེ་ཤུའི་ཐུགས་རྗེ་དང་ཞི་བདེ་འབབ་བར་ཤོག་ཅིག
 ངས་ཁྱོད་ཀ་རེ་ཏཱ་རུ་བཞག་པའི་དོན་ནི། ལས་འཕྲོ་ལུས་རྣམས་སྒྲུབ་པ་དང་། ངས་བསྒོས་པ་བཞིན་གྲོང་ཁྱེར་རེ་རེར་རྒན་མི་བསྐོ་ཕྱིར་ཡིན་ཏེ།  དེ་རྣམས་ནི་སྐྱོན་མ་ཕོག་པ་དང་ཆུང་མ་གཅིག་གི་ཁྱོ་ཡིན་ཏེ། ཕྲུ་གུ་རྣམས་དད་པ་ཅན་དང་། སྤྱོད་ལམ་བཟང་པོ་དང་ཁ་ལ་ཉན་པོ་ཡོད་དགོས་སོ།  དོ་དམ་པ་ནི་དཀོན་མཆོག་གི་ཕྱག་མཛོད་ཡིན་པས། སྐྱོན་མ་ཕོག་པ་དང་། རང་འདོད་མེད་པ་དང་། མི་ཁྲོ་བ་དང་། ཆང་འཐུང་མིན་པ་དང་། མི་འཐབ་པ་དང་། དངུལ་ལ་མི་ཆགས་མཁན།  མགྲོན་པོ་ལ་བྱམས་པ་དང་། དྲང་པོ་དང་། དམ་པ་དང་། བག་དང་ལྡན་པ་དང་།  ཡང་དག་པའི་བསྟན་པའི་བསླབ་བྱ་གཏོང་བ་དང་། རྒོལ་བ་འཇོམས་ནུས་པའི་ཕྱིར་གདམས་པ་དང་མཚུངས་པར་བདེན་པའི་བཀའ་ལ་བརྟན་པོར་གནས་པ་ཡིན་དགོས་སོ། ༡༠ ཁ་ལ་མི་ཉན་པ་དང་། འཆོལ་གཏམ་སྨྲ་མཁན་དང་། ལོག་འདྲེན་མང་པོ་དང་། ཁྱད་པར་དུ་ཡ་ཧུ་དཱ་པའི་རྟགས་དང་ལྡན་པའི་མཱ་ཤི་ཀ་པའི་ནང་ན་འདུག་ཅིང་། ༡༡ དེ་རྣམས་ཀྱིས་ནོར་གྲིབ་ཅན་གྱི་ཕྱིར་དུ་མ་རུང་བའི་ལྟ་བ་སྟོན་ཅིང་། ཁྱིམ་པ་ཐམས་ཅད་འཇིག་ཏུ་འཇུག་པས། དེ་རྣམས་ཀྱི་ཁ་ཁོག་ཅིག ༡༢ དེ་ཚོའི་ལུང་སྟོན་པ་གཅིག་གིས། ཀ་རེ་ཏཱ་པ་རྣམས་རྟག་ཏུ་རྫུན་ཅན་དང་། བྱོལ་སོང་ངན་པ་འདྲ་བ་དང་། སྙོམ་ལས་པ་གྲོད་བརྣབ་ཅན་ཡིན་ཞེས་ཟེར་ཏེ། ༡༣-༡༤ དཔང་བྱས་པ་དེ་བདེན་པའང་ཡིན་པས། ཡ་ཧུ་དཱ་པའི་སྒྲུངས་དང་། བདེན་པ་སྤངས་མཁན་རྣམས་ཀྱིས་བསྒོ་བ་ལ་ཉན་པའི་ཚབ་ལ། དད་པའི་ནང་བརྟན་པོར་འགྱུར་བའི་ཕྱིར་བཀའ་བཀྱོན་དྲག་པོ་ཐོང་ཞིག ༡༥ གཙང་མ་ལ་ཐམས་ཅད་གཙང་ཡང་། གྲིབ་ཅན་དང་། དད་མེད་ལ་ཅིའང་མི་གཙང་བ་མ་ཟད། དེ་ཚོའི་བློ་གྲོས་དང་། བཤེས་བཟང་གཉིས་ཀ་གྲིབ་ཅན་ཡིན། ༡༦ དེ་ཚོས་དཀོན་མཆོག་ཤེས་སོ་སྨྲ་ཡང་། སྤྱོད་པས་ཁོང་ཤེས་པ་མི་སྟོན་ཞིང་། སྐྱུག་བྲོ་བ་དང་། བཀའ་ལ་མི་ཉན་པ་དང་། ལས་བཟང་པོ་གང་ལའང་མི་འདོད་པ་ཡིན་ནོ༎