༢
ཁྱོད་ཀྱིས་ནི་ཡང་དག་པའི་བསྟན་པ་དང་བསྟུན་པའི་སྐུལ་མ་ཐོངས་ཤིག ༢ རྒན་པ་རྣམས་བག་དང་ལྡན་པ་དང་། ཡ་རབས་དང་། བཙུན་པ་དང་། དད་པ་དང་། བྱམས་པ་དང་། བཟོད་པའི་ནང་བརྟན་པོ་ཡོད་དགོས། ༣ དེ་བཞིན་དུ་རྒན་མོ་རྣམས་དམ་པའི་ཚུལ་དང་ལྡན་ཞིང་། ཕྲ་མ་མི་བྱེད་མཁན་དང་། ཆང་བརྣབ་མེད་པ་དང་། བསླབ་བྱ་བཟང་པོ་བྱེད་མཁན་ཡིན་དགོས། ༤ དེ་ལྟར་དེ་ཚོས་གཞོན་ནུ་མ་རྣམས་ལ། ཁྱོ་དང་ཕྲུ་གུ་ལ་བྱམས་ཤིང་། ༥ དཀོན་མཆོག་གི་བཀའ་ལ་བསྐུར་བ་མི་འབྱུང་བའི་ཕྱིར། བཙུན་པ་དང་། གཙང་མ་དང་། ཁྱིམ་ལས་བྱེད་མཁན་དང་། བཟང་པོ་དང་། ཁྱོའི་ཁ་ལ་ཉན་པའི་བསླབ་བྱ་བྱེད་དོ། ༦ དེ་བཞིན་དུ་གཞོན་པ་རྣམས་བཙུན་པར་འགྱུར་བར་སྐུལ་ཞིག ༧ རྣམ་པ་ཐམས་ཅད་དུ་ཁྱོད་རང་བཟང་པོའི་དཔེ་རུ་སྟོན་ཅིག བསླབ་བྱ་སྟོན་ཞིང་ཁྱོད་རང་ལྷད་མེད་པ་དང་། ཡ་རབས་དང་། ༨ སྨད་པར་མི་ཐུབ་པའི་ཡང་དག་པའི་གཏམ་དང་ལྡན་པ་སྟོན་ཅིག དེ་ནས་རྒོལ་མཁན་ལ་ང་ཚོར་གཏམ་ངན་སྨྲ་རྒྱུ་མེད་པས་སྐྱེངས་པར་འགྱུར་རོ༎༩ གཡོག་པོ་རྣམས་དཔོན་པོའི་ཁ་ལ་ཉན་པ་དང་། ཅི་ས་ནས་དེ་མཉེས་སུ་འཇུག་པ་དང་། ལན་མི་ཟློག་པ་དང་། ༡༠ མ་བྱིན་པར་མི་ལེན་པ་དང་། ཅི་ས་ནས་ཕྱི་ཐག་རིང་བ་ཡིན་དགོས། དེ་ལྟར་དེ་རྣམས་རྣམ་པ་ཐམས་ཅད་དུ་ང་ཚོའི་སྐྱབས་མགོན་ལགས་པའི་དཀོན་མཆོག་གི་བསྟན་པའི་རྒྱན་དུ་འགྱུར་བར་འགྱུར།
༡༡ དཀོན་མཆོག་གི་ཐུགས་རྗེ་ནི་མི་ཡོད་དོ་ཅོག་གི་ཐར་པའི་དོན་དུ་མངོན་དུ་བྱུང་སྟེ། ༡༢ ཆོས་མེད་པ་དང་འཇིག་རྟེན་གྱི་འདོད་པ་སྤོང་བ་དང་། འཇིག་རྟེན་འདིར་བཙུན་པ་དང་། དྲང་པོ་དང་། ཆོས་བཞིན་དུ་གནས་པའི་ཕྱིར་སློབ་བོ། ༡༣ ང་ཚོའི་བླ་ན་མེད་པའི་དཀོན་མཆོག་སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀའི་གཟི་བརྗིད་མངོན་པར་འགྱུར་བའི་ང་ཚོའི་རེ་བ་མཆོག་ལ་སྒུག་གོ། ༡༤ ང་ཚོ་སྡིག་པ་ཐམས་ཅད་ལས་རིན་གྱིས་བླུ་བ་དང་། དགེ་བར་བརྩོན་པའི་ཉིད་ཀྱི་ཡིན་པའི་སྐྱེས་བུ་དམ་པར་མཛད་པའི་ཕྱིར། ཁོང་གིས་སྐུ་སྲོག་གནང་ངོ་། ༡༥ དེ་ལྟར་སྒྲག་ཅིང་། དབང་ཆེན་པོས་སྐུལ་མ་དང་བཀའ་བཀྱོན་ཡང་ཐོངས་ཤིག སུས་ཀྱང་ཁྱོད་ལ་ཁྱད་དུ་གསད་མ་འཇུག་ཅིག།