༤
དཀོན་མཆོག་དང་། མཱ་ཤི་ཀ་ཡེ་ཤུ་མངོན་སུམ་དུ་སྣང་ཞིང་རྒྱལ་སྲིད་མཛད་པའི་ཚེ་གསོན་གཤིན་གཉིས་པོའི་ཞལ་ཆེ་གཅོད་པར་འགྱུར་བ་ཁོང་དཔང་དུ་བཙུགས་ཏེ། ༢ དུས་སྐབས་ཡིན་མིན་ཐམས་ཅད་དུ་ངང་རིང་བ་དང་བསླབ་བྱའི་སྒོ་ནས་ནན་གྱིས་བཀའ་ཤོད་ཅིག གོ་བར་ཆུག་ཅིག སྐྱོན་སྟོན་ཅིག སློབ་ཅིག་ཅེས་ངས་ཁྱོད་ལ་སྐུལ་ལོ། ༣ མི་རྣམས་ཀྱིས་ཡང་དག་པའི་བསྟན་པ་མི་ཐེག་པར། རྣ་བ་གཡའ་བས། རང་རང་གི་འདོད་པ་བཞིན་དུ་སྟོན་པ་མང་པོ་སོག་འཇོག་བྱེད་ཅིང་། ༤ བདེན་པ་ལས་ལོག་ནས་སྒྲུངས་ཀྱི་ཕྱོགས་སུ་འགྲོ་བའི་དུས་བསླེབ་བོ། ༥ ཁྱོད་ནི་རྟག་ཏུ་བརྟན་པོར་སྡོད་ཅིག སྡུག་བསྔལ་བཟོད་ཅིག ཕྲིན་བཟང་ཤོད་ཅིག ཞབས་ཏོག་སྒྲུབས་ཤིག༦ ང་འགྲོ་བའི་དུས་ལ་འབབ་ཅིང་། དམར་མཆོད་ལ་འགྱུར་ལ་ཁད་ཡོད། ༧ ངས་འཐབ་མོ་བཟང་པོ་དེ་འཐབ་ཟིན། བང་རྒྱུག་བཏང་ཟིན། དད་པ་སྲུངས་སོ། ༨ ཕྱིན་ཆད་དུ་ངའི་དོན་དུ་ཐར་པའི་གཙུག་རྒྱན་བཞག་ཡོད་ཅིང་། ཉིན་མོ་དེར་ཞལ་ཆེ་བ་དྲང་པོ་ལགས་པའི་གཙོ་བོས་ང་ལ་གནང་བར་འགྱུར་བ་མ་ཟད། ཁོང་འབྱོན་པ་ལ་དགའ་བ་ཐམས་ཅད་ལའང་གནང་བར་འགྱུར་རོ༎
༩-༡༠ དེ་མཱ་འཇིག་རྟེན་ལ་ཆགས་ཏེ་ང་སྤངས་ནས་ཐེ་ས་ལོ་ནི་ཀེ་རུ་སོང་། ཀ་རས་ཀེན་ནི་ག་ལད་ཡཱ་དང་། ཏི་ཏུ་ནི་དལ་མེད་ཡཱ་རུ་སོང་བས། ངའི་རྩར་མྱུར་དུ་འོང་བར་བརྩོན་ཞིག ༡༡ ང་མཉམ་དུ་ལུ་ཀཱ་གཅིག་པུ་ཡོད། མར་ཀུ་ནི་ཞབས་ཏོག་བྱེད་དུ་ང་ལ་ཕན་པས། ཁྲིད་ཤོག ༡༢ ཏི་ཁི་ཀུ་ངས་ཨེ་ཕེ་སུ་རུ་བཏང་ཡོད། ༡༣ ངས་ཏྲོ་ཡཱ་རུ་ཀར་པུའི་རྩར་བཞག་པའི་ཕྱུ་པ་དང་དཔེ་ཆ་རྣམས་དང་། ཁྱད་པར་དུ་པགས་ཤོག་རྣམས་ཞོར་ལ་ཁུར་ཤོག ༡༤ ཟངས་བཟོ་པ་ཨ་ལེག་སན་དེར་གྱིས་ང་ལ་གནོད་པ་མང་པོ་བྱས་པས། ཁོས་བྱས་པ་ལ་ལན་གཙོ་བོས་གནང་བར་འགྱུར། ༡༥ ང་ཚོའི་ཆོས་བཤད་ལ་ཁོས་ཤིན་ཏུ་རྒོལ་བས། དོག་ཟོན་བྱོས་ཤིག
༡༦ ངས་ཁྲིམས་རར་ཉེས་ཅན་མིན་པའི་ཁུངས་སྐྱེལ་རེས་དང་པོར་སུས་ཀྱང་ངའི་ཕྱོགས་མ་བྱས་ཀྱིས་ཐམས་ཅད་ཀྱིས་ང་སྤངས་སོ། དེའི་ལན་དེ་རྣམས་ལ་མ་ཕོག་ཅིག ༡༧ ངའི་ཐབས་ཀྱིས་ཕྲིན་བཟང་ཚང་པོར་བཤད་དེ། ཕྱི་པ་ཐམས་ཅད་ཀྱིས་ཐོས་པའི་ཕྱིར་དུ། གཙོ་བོ་ང་མཉམ་བཞུགས་ཤིང་ང་ལ་ཤུགས་གནང་ནས། སེང་གེའི་ཁ་ནས་ང་བསྐྱབ་པར་མཛད་དོ། ༡༨ གཙོ་བོས་ང་ངན་པ་ཐམས་ཅད་ལས་བསྒྲལ་ཏེ། ཉིད་ཀྱི་ནམ་མཁའི་རྒྱལ་སྲིད་ནང་ཉེ་ཞོ་མེད་པར་འདྲེན་པར་འགྱུར་རོ། ཁོང་ལ་རྒྱུན་ནས་རྒྱུན་དུ་བསྟོད་བསྔགས་པར་ཤོག་ཅིག ཨ་མེན༎
༡༩ པྲིས་ཀིལ་ལཱ་དང་ཨ་ཀུ་ལཱ་གཉིས་དང་། ཨོ་ནི་སི་ཕོ་རུའི་ཁྱིམ་གྱི་མི་རྣམས་ལ་ཕྱག་ཕུལ་ཞིག ༢༠ ཨེ་རས་ཏུ་ནི་ཀོ་རིན་ཐུ་རུ་ལུས། ཏྲོ་ཕི་མུ་ན་ནས་མི་ལེ་ཏུ་རུ་བཞག་པ་ཡིན། ༢༡ དགུན་དུས་ལས་སྔོན་དུ་ངའི་རྩར་འོང་བར་བརྩོན་ཞིག ཨེའུ་བུ་ལུ་དང་། པུ་དེན་དང་། ལི་ནུ་དང་། ཀ་ལའོ་དི་ཡཱ་དང་། སྤུན་ཐམས་ཅད་ཀྱིས་ཁྱོད་ལ་ཕྱག་འབུལ་ལོ༎
༢༢ གཙོ་བོ་ཁྱོད་མཉམ་བཞུགས་པར་ཤོག་ཅིག གཙོ་བོའི་ཐུགས་རྗེ་ཁྱེད་ཐམས་ཅད་ལ་འབབ་པར་ཤོག་ཅིག། ༎