ངའི་སྤུན་རྣམས། ཁྱེད་ཚོ་དཔལ་དང་ལྡན་པའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་དད་པ་དང་ལྡན་པས། ཁྱེད་ཚོས་ཕྱོགས་རིས་བྱེད་པར་མི་རིགས་སོ།  དཔེར་ན། གསེར་གྱི་སོར་གདུབ་དང་གོས་ཆེན་གྱོན་པའི་མི་ཞིག་དང་། དབུལ་པོ་གོས་དྲི་མ་ཅན་གྱོན་པ་ཞིག་ཁྱེད་ཚོའི་ཚོགས་པའི་ནང་འོང་ཚེ།  གོས་ཆེན་གྱོན་པ་དེ་ལ་ཁྱོད་ཚོས་རྩིས་ནས་བཞུགས་གདན་འདིར་བཞུགས་ཤིག་ཟེར་ཞིང་། དབུལ་པོ་དེ་ལ། དེར་ལོང་སྡོད། ཡང་ན་ངའི་འོག་ཏུ་སྡོད་ཅེས་ཟེར་ན།  ཁྱེད་ཚོ་རང་གི་ནང་ལ་དབྱེ་བ་བྱེད་མཁན་དང་བསམ་པ་ངན་པའི་གཤགས་བྱེད་མཁན་ལ་མ་གྱུར་ཏམ།
 ངའི་སྤུན་གཅེས་པ་རྣམས་ཉོན་ཞིག དཀོན་མཆོག་གིས་འཇིག་རྟེན་འདིའི་དབུལ་པོ་རྣམས་དད་པ་ལ་ཕྱུག་པོར་འགྱུར་བ་དང་། ཁོང་ལ་གཅེས་པ་རྣམས་ལ་ཞལ་བཞེས་པའི་རྒྱལ་སྲིད་ཀྱི་བརྒྱུད་འཛིན་དུ་འགྱུར་བའི་ཕྱིར་འདམས་པ་མ་ཡིན་ནམ།  འོན་ཀྱང་ཁྱེད་ཚོས་དབུལ་པོ་ལ་རྩིས་མེད་བྱས་སོ། ཁྱེད་ཚོ་ནོན་ཅིང་ཁྲིམས་རར་གཏུག་མཁན་དང་།  ཁྱེད་ཚོས་ཁུར་བའི་མཚན་དམ་པ་དེ་ལ་སྐུར་པ་འདེབས་མཁན་ཕྱུག་པོ་མིན་ནམ།
 མདོ་ན། རང་དང་འདྲ་བར་ཁྱིམ་མཚེས་ལ་བྱམས་པ་བྱོས་ཤིག་ཅེས་པའི་རྒྱལ་བའི་བཀའ་དེ་ཡང་དག་པར་བསྒྲུབ་ན་ཁྱེད་ཚོས་ལེགས་པར་བྱེད་དོ།  གལ་ཏེ་ཕྱོགས་རིས་བྱེད་ན་སྡིག་པ་བྱས་པས། བཀའ་ཁྲིམས་ཀྱིས་ཁྱེད་ཚོ་འགལ་མཁན་ཡིན་པར་བཟུང་ངོ་། ༡༠ བཀའ་ཁྲིམས་ཐམས་ཅད་སྲུང་ཡང་གཅིག་ལ་འགལ་ན། ཐམས་ཅད་ལ་འགལ་མཁན་དུ་འགྱུར་རོ། ༡༡ ལོག་གཡེམ་མ་བྱེད་ཅིག་གསུངས་པ་ཁོང་གིས་མི་མ་གསོད་ཅེས་ཀྱང་གསུངས་སོ། ད་ཁྱོད་ཚོས་ལོག་གཡེམ་མི་བྱེད་ཀྱང་མི་ཞིག་བསད་ན། ཁྱོད་ཚོ་བཀའ་ཁྲིམས་ལས་འགལ་ལོ། ༡༢ ཐར་པའི་བཀའ་ཁྲིམས་བཞིན་ཞལ་ཆེ་གཅོད་པར་འགྱུར་བའི་མི་རྣམས་དང་འདྲ་བར་གཏམ་དང་ལས་གྱིས་ཤིག ༡༣ སྙིང་རྗེ་མ་བྱས་པ་ལ་སྙིང་རྗེ་མེད་པའི་ཁྲིམས་གཅོད་པར་འགྱུར་རོ། སྙིང་རྗེ་ནི་ཁྲིམས་ལས་རྒྱལ་བར་འགྱུར་རོ༎
༡༤ ངའི་སྤུན་རྣམས། མི་ཞིག་གིས་ང་ལ་དད་པ་ཡོད་ཟེར་ཡང་ལས་མེད་ན་ཅི་ལ་ཕན། དད་པ་དེས་ཁོ་སྐྱོབ་པར་ནུས་སམ། ༡༥ གལ་ཏེ་སྤུན་ནམ་སྤུན་མ་ཞིག་ལ་གོས་དང་ཞག་རེའི་ཁ་ཟས་མེད་ན། ༡༦ ཁྱེད་ཚོ་གཅིག་གིས་དེ་ལ། ཞི་བདེ་བར་གྱུར་ཅིག དྲོས་པར་གྱུར་ཅིག ཚིམ་པར་གྱུར་ཅིག་ཟེར་ཡང་། དེའི་ལུས་ལ་དགོས་པ་དེ་དངོས་སུ་མི་སྦྱིན་ན་ཅི་ལ་ཕན། ༡༧ དེ་བཞིན་དུ་དད་པའང་ལས་དང་བྲལ་ན་རོ་འདྲ་ཡིན་ནོ༎
༡༨ ཡང་མི་ཞིག་གིས་ཁྱོད་ལ་དད་པ་ཡོད། ང་ལ་ལས་ཡོད། ད་ཁྱོད་ཀྱིས་ལས་དང་བྲལ་ཏེ་རང་གི་དད་པ་སྟོན་ཅིག ངས་ཀྱང་ལས་ཀྱི་སྒོ་ནས་རང་གི་དད་པ་སྟོན་པར་བྱའོ་ཞེས་ཟེར་སྲིད། ༡༩ དཀོན་མཆོག་གཅིག་ལགས་པར་ཁྱེད་ཡིད་ཆེས་སམ། ཆེས་ན་ལེགས་སོ། བདུད་ཀྱང་ཡིད་ཆེས་ཤིང་འདར་རོ། ༢༠ མི་བསམ་མེད་ཁྱོད། ལས་དང་བྲལ་བའི་དད་པ་ནི་སྟོང་པ་ཡིན་པར་ཤེས་པར་འདོད་དམ། ༢༡ ང་ཚོའི་མེས་པོ་ཨབ་ར་ཧམ་གྱིས་རང་གི་བུ་ཨི་སཱག་མཆོད་པར་ཕུལ་ཕྱིར་མཆོད་ཁྲིའི་ཁར་བཞག་ནས། ལས་ལ་རྟེན་ཏེ་ཐར་བར་མ་རྩིས་སམ། ༢༢ ཁོང་གི་ལས་དང་དད་པ་མཉམ་པོར་མཐུན་ཏེ། ལས་ཀྱི་ཐབས་ཀྱིས་དད་པ་རྫོགས་པར་གྱུར་པར་གསལ་ལོ། ༢༣ ཨབ་ར་ཧམ་གྱིས་དཀོན་མཆོག་ལ་དད་པ་བྱས་པས། དེ་ནི་ཁོའི་ཕྱིར་ཐར་པའི་རྒྱུར་བརྩིས་སོ་ཞེས་བྲིས་པ་བསྒྲུབས་ཏེ། དཀོན་མཆོག་གི་མཛའ་བོར་ཡང་གྲགས་སོ། ༢༤ དེ་ལྟར་མི་ནི་དད་པ་གཅིག་གིས་མ་ཡིན་པར་ལས་ཀྱིས་ཐར་བ་གསལ་ལོ། ༢༥ དེ་བཞིན་དུ་སྨད་ཚོང་མ་ར་ཧབ་ཀྱིས་བང་ཆེན་རྣམས་ནང་ལ་བསུས་ཏེ། དེ་དག་ལམ་གཞན་ནས་བཏང་བས། མོ་ལས་ཀྱི་སྒོ་ནས་མ་ཐར་རམ། ༢༦ དོན་དུ་སེམས་དང་བྲལ་བའི་ལུས་རོ་ཡིན་པ་ལྟར། ལས་དང་བྲལ་བའི་དད་པའང་རོ་ཡིན་ནོ༎