ངའི་སྤུན་རྣམས། སློབ་མཁན་རྣམས་ལ་ཁྲིམས་ལྷག་པར་དམ་པོ་གཅད་པར་ངེས་པས། སློབ་དཔོན་མང་པོར་མ་གྱུར་ཅིག  ང་ཚོས་མང་པོ་འཕྱུགས་པས། གཏམ་ནང་མི་འཕྱུགས་པ་དེ་ཕུལ་དུ་ཕྱིན་པ་ཡིན་ཏེ། ལུས་ཧྲིལ་པོ་གཅུན་པར་ནུས་སོ།  ང་ཚོར་ཁ་ལོ་ཆུན་ཕྱིར་རྟའི་ཁ་རུ་སྲབ་གཡོགས་ནས། དེའི་ལུས་ཧྲིལ་པོར་དབང་སྒྱུར་རོ།  གྲུ་གཟིང་ནི་ཆེན་པོ་ཡིན་ཞིང་། རླུང་དྲག་པོས་འདེད་ཀྱང་། མཇུག་སྐྱ་ཆུང་ངུ་ཞིག་གིས་གྲུ་པ་འདོད་སར་ཁ་ལོ་སྒྱུར་ནུས་པ་ལ་ལྟོས།  དེ་བཞིན་དུ་ལྕེའང་ཡན་ལག་ཆུང་ངུ་ཞིག་ཡིན་ཀྱང་རྐྱེན་ཆེན་པོ་ལྡང་ངོ་། མེ་ཆུང་ངུ་ཞིག་གིས་ནགས་ཚལ་ཆེན་པོ་བསྲེག་པ་ལ་ལྟོས།  ལྕེའང་མེ་ཞིག་ཡིན་པས་ང་ཚོའི་ཡན་ལག་གི་ནང་ནས་འཇིག་རྟེན་ན་གདུག་ཤོས་དེ་ཡིན། ལུས་ཧྲིལ་པོ་གྲིབ་ཅན་བྱེད་ཅིང་། དམྱལ་བའི་མེས་དེ་སྦར་ཞིང་། སྐྱེ་བའི་འཁོར་ལོར་མེ་སྤར་རོ།  གཅན་གཟན་དང་། འདབ་ཆགས་དང་། ལྟོ་འགྲོ་དང་། རྒྱ་མཚོའི་སེམས་ཅན་སྣ་ཚོགས་པ་མིས་འདུལ་བར་ནུས་ཏེ་བཏུལ་བའང་ཡིན་ཀྱང་།  བཙན་དུག་གིས་གང་ཞིང་མི་འཚུགས་པའི་ངན་པ་ཡིན་པའི་ལྕེ་ནི་སུས་ཀྱང་འདུལ་བར་མི་ནུས་སོ།  ལྕེའི་སྒོ་ནས་ང་ཚོས་གཙོ་བོ་ཡབ་ལ་བསྟོད་ཅིང་། དེ་རང་གི་སྒོ་ནས་དཀོན་མཆོག་གི་སྐུ་བརྙན་ཡིན་པའི་མི་ལ་དམོད་པ་འབོར་རོ། ༡༠ སྨྲ་བའི་ཁ་གཅིག་གི་ནང་ནས་སྨོན་པ་དང་དམོད་པ་གཉིས་ཀ་འཐོན་ནོ། སྤུན་རྣམས། དེ་ལྟར་ཡོད་པར་མི་རིགས་སོ། ༡༡ ཆུ་མིག་གི་ཁ་གཅིག་ནས་ཆུ་མངར་བ་དང་ཁ་བ་གཉིས་འཐོན་ནམ། ༡༢ སྤུན་རྣམས། སེ་ཡབ་ཤིང་ལ་ཁ་སྐྱུར་པོ་དང་། རྒུན་ཤིང་ལ་སེ་ཡབ་ཆགས་ཐུབ་བམ། ལན་ཚྭ་བའི་ཆུ་ལས་མངར་བ་འཐོན་མི་ཐུབ་བོ༎
༡༣ ཁྱེད་ཚོའི་ནང་ན་མཁས་པ་དང་བློ་གྲོས་ཅན་སུ་ཡིན། སྤྱོད་ལམ་བཟང་པོའི་སྒོ་ནས་རང་གི་ལས་ཤེས་རབ་ཀྱི་དུལ་བའི་ངང་ན་སྟོན་པར་རིགས་སོ། ༡༤ ཁྱེད་ཚོའི་སྙིང་གི་ནང་ན་ཕྲག་དོག་དྲག་པོ་དང་འགྲན་སེམས་ཡོད་ན། བདེན་པ་ལ་བལྟས་ནས་ངོམ་ཡང་མ་སྟོན་རྫུན་ཡང་མ་ཟེར་ཞིག ༡༥ ཤེས་རབ་དེ་ནི་སྟེང་ནས་མ་འབྱུང་གི། འཇིག་རྟེན་དང་། བྱོལ་སོང་དང་། བདུད་ཀྱི་ཤེས་རབ་ཡིན་ནོ། ༡༦ ཕྲག་དོག་དང་འགྲན་སེམས་ཡོད་སར་འཁྲུག་པ་དང་ལས་ངན་ཐམས་ཅད་ཀྱང་ཡོད་དོ། ༡༧ སྟེང་ནས་འབྱུང་བའི་ཤེས་རབ་ནི་དང་པོར་གཙང་མ། གཉིས་པར་མཐུན་སེམས་ཅན། གཞན་སྐྱོན་མི་འཛིན་པ། གོ་བ་ཡོད་པ། སྙིང་རྗེ་དང་འབྲས་བཟང་ལྡན་པ། ཕྱོགས་རིས་མེད་པ་དང་བཅོས་མ་མིན་པ་རྣམས་ཡིན་ནོ། ༡༨ འདུམ་བྱེད་མཁན་རྣམས་ཀྱིས་དྲང་བ་ཉིད་ཀྱི་འབྲས་བུའི་ས་བོན་འདུམ་པའི་སྒོ་ནས་འདེབས་སོ༎