རྒྱུ་ཅིས་ཁྱེད་ཚོའི་ནང་དམག་དང་འཐབ་མོ་བྱུང་། ཁྱེད་ཚོའི་ལུས་ཀྱི་འདོད་པ་དབང་ཆེ་བའི་རྐྱེན་གྱིས་བྱུང་བ་མིན་ནམ།  ཁྱེད་ཚོས་འདོད་པ་ལྟར་མ་ཐོབ་པས་མིའི་སྲོག་གཅད་དོ། བརྣབ་སེམས་བྱེད་ཅིང་མ་ཐོབ་པས་འཐབ་མོ་བྱེད་ཅིང་དམག་རྒྱབ་བོ། ཁྱོད་ཚོས་མི་ཞུ་བས་མི་ཐོབ་བོ།  ཞུས་ཀྱང་མི་ཐོབ་པ་ནི་རང་གི་འདོད་པ་སྤྱོད་ཕྱིར་ལོག་པར་ཞུས་པའི་རྐྱེན་གྱིས་སོ།  དཀོན་མཆོག་སྤངས་པ་ཁྱེད་ཚོ་འཇིག་རྟེན་དང་མཛའ་བ་ནི་དཀོན་མཆོག་དང་འཁོན་པ་ཡིན་པར་མི་ཤེས་སམ། དེའི་ཕྱིར་འཇིག་རྟེན་གྱི་མཛའ་བོར་འགྱུར་འདོད་པ་དེས་རང་ཉིད་དཀོན་མཆོག་གི་དགྲ་བོར་བྱེད་དོ།  ང་ཚོར་སྩལ་བའི་སེམས་ཉིད་ལ་ཁོང་གིས་འཁྲེན་སེམས་ཀྱིས་དུང་བར་མཛད་དོ། ཞེས་གསུང་རབ་ན་བྲིས་ཡོད་པ་དོན་མེད་ཡིན་པར་སེམས་སམ།  དཀོན་མཆོག་གིས་ང་རྒྱལ་ཅན་ལ་རྒོལ་བར་མཛད་ཅིང་། སྙེམས་ཆུང་བ་ལ་ཐུགས་རྗེ་གནང་ངོ་ཞེས་གསུངས་པ་བཞིན་དུ། ཐུགས་རྗེ་ལྷག་པར་གནང་ངོ་།  དེའི་ཕྱིར་དཀོན་མཆོག་གི་འབངས་བྱོས་ཤིག བདུད་ལ་རྒོལ་ཞིག་དང་ཁོ་འབྲོས་པར་འགྱུར་རོ།  དཀོན་མཆོག་དང་ཉེ་བར་སོང་ཞིག་དང་། ཁོང་ཁྱེད་ཚོ་དང་ཉེ་བར་འབྱོན་པར་འགྱུར། སྡིག་ཅན་རྣམས། སྡིག་པ་ལས་ལག་པ་ཁྲུས་ཤིག ཡིད་གཉིས་བྱེད་པ་རྣམས། རང་གི་སྙིང་གཙང་མ་བྱོས་ཤིག  སྡུག་བསྔལ་དང་མྱ་ངན་བྱེད་ཅིང་ངུས་ཤིག ཁྱོད་ཀྱི་དགད་མོ་ནི་མྱ་ངན་དང་། དགའ་བ་ནི་ཡི་མུག་ཏུ་སྒྱུར་ཞིག ༡༠ གཙོ་བོའི་སྤྱན་སྔར་དམན་སེམས་བཟུང་ཞིག་དང་ཁོང་གིས་ཁྱེད་ཚོ་ཡར་འདེགས་པར་འགྱུར་རོ༎
༡༡ སྤུན་རྣམས། གཅིག་གིས་གཅིག་ལ་མ་སྨད་ཅིག སྤུན་ལ་སྨད་པའམ་མཚང་འབྲུ་བ་དེས་བཀའ་ཁྲིམས་ལ་སྨད་ཅིང་། བཀའ་ཁྲིམས་ལ་མཚང་འབྲུའོ། བཀའ་ཁྲིམས་ལ་མཚང་འབྲུ་ན། བཀའ་ཁྲིམས་སྲུང་མཁན་དུ་མ་འགྱུར་བས་ཁྲིམས་དཔོན་དུ་འགྱུར་རོ། ༡༢ བཀའ་ཁྲིམས་གནང་མཁན་དང་ཁྲིམས་དཔོན་ནི་གཅིག་ལགས་ཏེ། དེ་ནི་སྐྱོབ་པ་དང་གསོད་པའི་དབང་ཡོད་པ་དེའོ། རང་གི་ཁྱིམ་མཚེས་ལ་མཚང་འབྲུ་བ་ཁྱོད་སུ་ཡིན།
༡༣ དེ་རིང་ཡང་ན་སང་ཉིན་གྲོང་ཁྱེར་ཆེ་གེ་མོར་སོང་ནས། དེར་ལོ་གཅིག་བསྡད་དེ་ཚོང་བྱེད་ཅིང་ཁེ་འབྱུང་བར་འགྱུར་ཟེར་བ་ཁྱོད་སུ་ཡིན། ༡༤ སང་ཉིན་ཅི་འབྱུང་འོང་བ་དེ་མི་ཤེས་སོ། ཁྱེད་ཀྱི་ཚེ་ལ་ཅི། ཡུད་ཙམ་སྣང་ནས་ཡལ་འགྲོ་བའི་རླངས་པ་ཞིག་གོ། ༡༥ དེའི་ཚབ་ལ་གཙོ་བོ་དགྱེས་ན་ང་ཚོ་གསོན་ཞིང་འདི་དང་འདི་བཞིན་བྱའོ་ཟེར་བར་རིགས་སོ། ༡༦ ད་ལྟ་ཁྱེད་ཚོས་ང་རྒྱལ་གྱིས་ངོམ་པར་བྱེད། དེ་ལྟ་བུའི་ངོམ་པ་ཐམས་ཅད་ངན་པ་ཡིན། ༡༧ ཇི་ལྟར་བྱ་འོས་པ་ཤེས་བཞིན་དུ་མི་བྱེད་པ་དེས་སྡིག་པ་བྱེད་དོ༎