དེའི་ཕྱིར་སེམས་ངན་དང་། གཡོ་སྒྱུ་དང་། ཟོལ་ཟོག་དང་། ཕྲག་དོག་དང་། ཕྲ་མ་ཐམས་ཅད་སྤོངས་ཤིག ༢-༣ ཁྱེད་ཚོས་གཙོ་བོའི་ཐུགས་རྗེའི་བྲོ་བ་མྱངས་པས། གསར་དུ་སྐྱེས་པའི་བྱིས་པ་འོ་འཐུང་དང་འདྲ་བར། ཐར་པའི་ཕྱོགས་སུ་སྐྱེད་ཕྱིར། སེམས་ཉིད་ཀྱི་འོ་མ་ལྷད་མེད་ལ་གདུང་བར་གྱིས་ཤིག  མིས་སྤངས་ཀྱང་དཀོན་མཆོག་གི་གཟིགས་ངོར་འདམས་པ་དང་རིན་ཆེན་ཡིན་པའི་གསོན་པོའི་རྡོ་ལགས་པ་ཁོང་གི་དྲུང་དུ་ཤོག་ཅིག ༥-༦ མདོ་ན། ངས་ནི་ཙི་ཨོན་ནང་དུ་རྡོ་ཞིག་བཞག རིན་ཐང་ཆེ་ཞིང་འདམས་པའི་ཟུར་རྡོ་ཡིན། ཁོང་ལ་དད་རྣམས་སྐྱེངས་པར་མི་འགྱུར་རོ། ཞེས་བྲིས་པ་བཞིན། ཡེ་ཤུ་མཱ་ཤི་ཀ་རྒྱུད་དཀོན་མཆོག་གི་ཐུགས་སུ་འབྱོན་པའི་སེམས་ཉིད་ཀྱི་མཆོད་པ་འབུལ་བའི་དགེ་འདུན་དམ་པར་འགྱུར་བའི་ཕྱིར། གསོན་པོའི་རྡོ་ལྟར་སེམས་ཉིད་ཀྱི་ཁང་པ་རྩིགས་ཤིག  དད་པ་བྱེད་པ་ཁྱེད་ཚོར་ཁོང་རིན་ཆེན་ཡིན། དད་པ་མི་བྱེད་པ་རྣམས་ལ་ནི། རྩིག་དཔོན་རྣམས་ཀྱིས་སྤངས་པའི་རྡོ། དེ་ཀ་ཟུར་རྡོ་ཆེན་པོར་གྱུར།  ཡང་། ཐོགས་ནས་སྒྱེལ་བའི་རྡོ་རུ་གྱུར། ཞེས་པ་ལྟར། དེ་རྣམས་ཀྱི་བསྐོས་ཚད་བཞིན་བཀའ་ལ་མ་ཉན་པས་རྐང་པ་ཐོགས་ནས་སྒྱེལ་ལོ༎
 ཁྱེད་ཚོ་མུན་པ་ལས་ངོ་མཚར་ཆེ་བའི་འོད་ནང་བོས་པ་ཁོང་གི་མཛད་པ་སྟོན་པའི་ཕྱིར། ཁྱེད་ཚོ་འདམས་པའི་མི་བརྒྱུད། རྒྱལ་རིགས་ཀྱི་དགེ་འདུན། མི་རབས་དམ་པ། དཀོན་མཆོག་ཉིད་ཀྱི་མི་སྡེ་ཡིན། ༡༠ སྔར་ཁྱེད་ཚོ་མི་སྡེ་མ་ཡིན་ཀྱང་། ད་དཀོན་མཆོག་གི་མི་སྡེ་ཡིན། སྔར་སྙིང་རྗེ་མ་ཐོབ་ཀྱང་། ད་སྙིང་རྗེ་ཐོབ་པ་ཡིན་ནོ༎
༡༡ གཅེས་པ་རྣམས། ཁྱེད་ཚོས་རང་ཉིད་འགྲོན་པོ་དང་བྱེས་པར་བརྩིས་ནས། སེམས་ལ་རྒོལ་བའི་འཇིག་རྟེན་པའི་འདོད་པ་རྣམས་སྤོངས་ཤིག ཅེས་ཞུ་བ་འབུལ་ལོ། ༡༢ ལས་ངན་བྱེད་མཁན་ཞེས་གཏམ་ངན་མི་གཏོང་བའི་དོན་དུ། ཁྱེད་ཚོའི་ལས་བཟང་མཐོང་ནས་ཕྱི་པ་རྣམས་ཀྱིས་གཙོ་བོ་འབྱོན་པའི་ཉིན་མོར་དཀོན་མཆོག་ལ་བསྟོད་པ་འབུལ་བའི་ཕྱིར། དེ་རྣམས་ཀྱི་དཀྱིལ་དུ་སྤྱོད་ལམ་བཟང་པོ་བྱོས་ཤིག
༡༣-༡༤ གོང་མ་རྒྱལ་པོ་ཡིན་རུང་། བཟང་ངན་གང་བྱེད་པ་ལ་བསྟོད་པའམ་ཆད་པ་གཏོང་ཕྱིར་བསྐོས་པའི་སྤྱི་ཁྱབ་ཡིན་རུང་། མིའི་གྲལ་རིམ་ཚང་མར་ཁྱེད་ཚོས་གཙོ་བོའི་དོན་དུ་འབངས་བྱོས་ཤིག ༡༥ བཟང་པོ་བྱེད་པའི་སྒོ་ནས་བླུན་པོ་གཏི་མུག་ཅན་གྱི་ཁ་འགེགས་པ་ནི། དཀོན་མཆོག་གི་ཐུགས་དགོངས་ཡིན་ནོ། ༡༦ ཁྱེད་ཚོ་རང་དབང་ལྡན་པར་འཚོ་ཞིང་། རང་དབང་དེ་ངན་པ་བྱེད་པའི་སྙད་དུ་མ་བྱེད་པར། དཀོན་མཆོག་གི་འབངས་བྱོས་ཤིག ༡༧ མི་ཐམས་ཅད་ལ་གུས་ཤིག སྤུན་ལ་བྱམས་ཤིག དཀོན་མཆོག་ལ་འཇིགས་ཤིག རྒྱལ་པོ་ལ་གུས་ཤིག
༡༨ གཡོག་པོ་རྣམས། རང་གི་དཔོན་པོ་ལ་གུས་པས་ཁ་ལ་ཉོན་ཞིག བཟང་པོ་དང་འཇམ་པོ་མ་ཟད་རྩུབ་པོའི་ཁ་ལའང་ཉོན་ཞིག ༡༩ དཀོན་མཆོག་བསམ་ཞིང་ནོངས་མེད་པར་གནོད་ཅིང་སྡུག་བསྔལ་བཟོད་པ་ནི། ལེགས་སོ། ༢༠ གལ་ཏེ་ཉེས་པ་བྱས་ནས་རྡུང་བ་བཟོད་ན་ཅི་ལ་ཧ་ལས། ཇི་སྟེ་བཟང་པོ་བྱས་ནས་གནོད་པ་བཟོད་ན་དཀོན་མཆོག་གི་ལེགས་སོ་ཐོབ་བོ། ༢༡ མཱ་ཤི་ཀའི་ཞབས་རྗེས་ལ་འབྲང་བའི་ཕྱིར། ཁྱེད་ཚོར་མ་དཔེ་སྟོན་ཅིང་། ཁོང་གིས་ཁྱེད་ཚོའི་དོན་དུ་སྡུག་བསྔལ་བཞེས་པས། དོན་དེའི་ཕྱིར་ཁྱེད་ཚོ་བོས་པ་ཡིན། ༢༢ ཁོང་གིས་ཉེས་པ་མ་མཛད། ཞལ་ནས་གཡོ་སྒྱུ་མ་གསུངས། ༢༣ སྐུར་པ་བཏབ་པ་རྣམས་ལ་བཀའ་བཀྱོན་མ་གནང་། འཚེ་བ་རྣམས་ལ་འཇིགས་སྐྲག་མ་སླང་བར་ཞལ་ཆེ་དྲང་པོར་གཅོད་པ་ཁོང་ལ་བཏད་དོ། ༢༤ ང་ཚོ་སྡིག་པ་ལ་ཤི་སྟེ། དྲང་བ་ཉིད་ལ་འཚོ་བའི་ཕྱིར། ང་ཚོའི་སྡིག་པ་རྣམས་ཤིང་གི་སྟེང་དུ་ཉིད་ཀྱི་སྐུ་ལུས་ཁར་ཐོགས་སོ། ཁོང་གི་རྨས་ཁྱེད་ཚོ་སོས་པ་ཡིན། ༢༥ སྔར་ཁྱེད་ཚོ་ལུག་དང་འདྲ་བར་ལམ་སྟོར་ཡིན་ཀྱང་། ད་ཁྱེད་ཚོའི་སེམས་ཀྱི་རྫི་བོ་དང་སྐྱབས་མགོན་གྱི་དྲུང་དུ་ཕྱིར་ལོག་འོངས་སོ༎