༣
༡-༢ དེ་བཞིན་དུ་ཁྱེད་ཆུང་མ་རྣམས། ཁྱོ་བོའི་འབངས་བྱོས་ཤིག དེ་ནས་ཁ་ཤས་བཀའ་ལ་མི་བསྟེན་པ་ཡིན་ཀྱང་། ཁྱེད་ཚོའི་སྤྱོད་ལམ་གཙང་མ་དང་བག་དང་ལྡན་པ་མཐོང་ནས་སྨྲ་མི་དགོས་པར་ཁྱེད་ཚོའི་སྤྱོད་ལམ་གྱིས་ཕྱིར་ཁུག་པར་འགྱུར་ལས་ཆེ། ༣ ཁྱེད་ཚོའི་རྒྱན་ཆ་ནི་ཕྱིའི་སྐྲ་སླེ་བ་དང་། གསེར་གྱི་རྒྱན་ཆ་དང་། གཟབ་སྤྲོས་མ་ཡིན་གྱི། ༤ སེམས་དུལ་ཞིང་ཞི་བའི་རྟག་པའི་ནོར་བུ་སྟེ། དཀོན་མཆོག་གི་གཟིགས་ངོར་མཛེས་པའི་ནང་གི་ཡོན་ཏན་དེ་ཡིན་དགོས། ༥ སྔོན་གྱི་བུད་མེད་དམ་པ་དཀོན་མཆོག་ལ་རེ་བ་རྣམས་ཀྱིས་རྒྱན་དེ་ལྟར་བརྒྱན་ཞིང་། ༦ ས་རཱ་ཡིས་དེ་ལྟར་ཨབ་ར་ཧམ་ལ་ཇོ་བོ་ཟེར་ཞིང་ཁ་ལ་ཉན་ཅིང་། ཁྱོ་ཡི་འབངས་བྱས་སོ། ཁྱེད་ཚོའང་བཟང་པོ་བྱེད་ཅིང་ཅིས་ཀྱང་མི་འཇིགས་ན་དེའི་བུ་མོ་ཡིན་ནོ༎༧ དེ་བཞིན་དུ་ཁྱེད་ཚོ་ཁྱོ་བོ་རྣམས་ཀྱིས་ལུས་ཕྲ་མ་ཡིན་པའི་བུད་མེད་ལ་བཀུར་སྟི་བྱེད་ཅིང་། ཚེ་མཐའ་མེད་པའི་གནང་སྦྱིན་གྱི་མཉམ་ཟ་མཉམ་འཐུང་ཡིན་པས། སྨོན་ལམ་ལ་བར་ཆད་མི་འབྱུང་ཕྱིར། ཆུང་མ་དང་མཉམ་དུ་ཤེས་རབ་དང་ལྡན་པར་སྡོད་ཅིག
༨ མདོར་ན་ཁྱོད་ཐམས་ཅད་སེམས་གཅིག་པ་དང་། ཤ་ཚ་དང་། སྤུན་ལ་བརྩེ་བ་དང་། སྙིང་འབོལ་བ་དང་། སྙེམས་ཆུང་ལ་གྱུར་ཅིག ༩ ཁྱེད་ཚོ་བྱིན་རླབས་ཐོབ་ཕྱིར་བོས་པས། ངན་ལན་ངན་གྱིས་མི་འཇལ་ཞིང་། ཚིག་ངན་གྱི་ལན་ལ་ཚིག་ངན་མི་ཟེར་བར་བྱིན་གྱིས་རློབས་ཤིག
༡༠ སུ་ཞིག་འཚོ་བར་རབ་དགའ་ཞིང་༎
སྐྱིད་པའི་ཉི་མ་མཐོང་འདོད་ན༎
རང་གི་ལྕེ་ནི་ངན་པ་དང་༎
ཁ་ལྤགས་གཡོ་སྒྱུ་ལས་སྲུངས་ཤིག།
༡༡ ངན་པ་སྤོངས་ཤིང་བཟང་པོ་སྒྲུབས༎
ཞི་བ་འཚོལ་ཞིང་དེ་སྙེགས་ཤིག།
༡༢ དྲང་པོར་གཙོ་བོའི་སྤྱན་གྱིས་གཟིགས༎
སྙན་གྱིས་དེ་ཡི་ཞུ་གསོལ་གསན༎
ངན་པར་གཙོ་བོའི་ཞལ་ངོ་སྡང་༎
༡༣ ཁྱེད་ཚོས་བཟང་པོ་བྱེད་པར་བརྩོན་ན། ཁྱེད་ཚོར་གནོད་པ་སུ་ཡོད། ༡༤ དྲང་བ་ཉིད་ཀྱི་དོན་དུ་འཚེ་བ་མྱོང་ནའང་ཁྱེད་ཚོ་བདེའོ། དེ་རྣམས་ལ་མི་འཇིགས་ཤིང་མ་ཚབས་ཤིག ༡༥ སྙིང་ཐག་པ་ནས་མཱ་ཤི་ཀ་གཙོ་བོར་འཛིན་ཅིང་མཆོད་ཅིག ཁྱེད་ཚོའི་ནང་ཡོད་པའི་རེ་བ་ཤེས་པར་འདོད་པ་ལ་སེམས་དུལ་བ་དང་གུས་པས་ལན་འདེབས་པར་རྒྱུན་དུ་གྲལ་འགྲིག་གིས་སྡོད་ཅིག ༡༦ ཁྱེད་ཚོ་མཱ་ཤི་ཀ་པའི་སྤྱོད་ལམ་བཟང་པོར་སྨད་མཁན་རྣམས་ལ། སྨད་པ་དེ་རང་གིས་ཁ་སྐྱེང་བའི་ཕྱིར་ཁྱེད་ནོངས་མེད་པ་དགོས། ༡༧ སྡུག་བསྔལ་མྱོང་བ་དཀོན་མཆོག་གི་ཐུགས་དགོངས་ཡིན་ན། ངན་པ་བྱས་པ་ལས་བཟང་པོ་བྱས་པའི་ཕྱིར་སྡུག་བསྔལ་མྱོང་བ་ལེགས་སོ། ༡༨ ང་ཚོ་དཀོན་མཆོག་གི་དྲུང་དུ་འདྲེན་པའི་ཕྱིར། མཱ་ཤི་ཀ་དྲང་པོ་དེས་སྡིག་ཅན་ལོག་པ་རྣམས་ཀྱི་དོན་དུ་ལན་གཅིག་སྡུག་བསྔལ་བཞེས་སོ། སྐུ་ལུས་ལ་བལྟས་ནས་བཀྲོངས་ཀྱང་། ཐུགས་ཉིད་ཀྱི་ལུགས་སུ་གསོན་པོར་བཞེངས་ཏེ། ༡༩ དེའི་ངང་ལ་གཤེགས་ནས། བཙོན་ལ་ཡོད་པའི་སེམས་ཉིད་རྣམས་ལའང་ཆོས་བསྟན་ཏོ། ༢༠ དེ་རྣམས་ནི་སྔར་ནོ་ཨས་གྲུ་བཟོ་བའི་དུས་སུ། དཀོན་མཆོག་གི་ཐུགས་སྣ་རིང་མོ་མཛད་ཀྱང་བཀའ་ལ་མ་ཉན་པ་རྣམས་ཡིན་ནོ། གྲུ་དེ་ལ་བཞོན་ནས་ཆུ་ལས་མི་ཉུང་ངུ་ཞིག་ཟེར་ན་སྲོག་བརྒྱད་ཐར་རོ། ༢༡ དམ་པའི་ཁྲུས་ཀྱིས་དེ་མཚོན་ཞིང་། ལུས་ཀྱི་དྲི་མ་འཁྲུད་པ་མ་ཡིན་པར། ཡེ་ཤུ་མཱ་ཤི་ཀ་སྐུ་གསོན་པོར་བཞེངས་པའི་སྒོ་ནས་ནོངས་མེད་འགྱུར་ཕྱིར་དཀོན་མཆོག་ལ་ཞུ་བ་འབུལ་བ་ཡིན་ཏེ་ཁྱོད་ཚོ་ཐར་རོ། ༢༢ མཱ་ཤི་ཀ་ནི་ནམ་མཁར་གཤེགས་ཏེ། དཀོན་མཆོག་གི་ཕྱག་གཡས་སུ་བཞུགས་ཏེ། ཕོ་ཉ་དང་། དབང་དང་། མངའ་ཐང་རྣམས་ལ་མངའ་མཛད་དོ༎