༤
མཱ་ཤི་ཀས་སྐུ་ལུས་ཀྱི་སྡུག་བསྔལ་བཞེས་པས་ན། ཁྱེད་ཚོས་ཀྱང་དེ་ལྟ་བུའི་སེམས་སྐྱེད་ཀྱི་གོ་ཆ་གྱོན་ཅིག ལུས་ཀྱི་སྡུག་བསྔལ་མྱངས་པ་དེ་སྡིག་པ་དང་བྲལ་ནས། ༢ ཕྱིན་ཆད་དེ་ལུས་ཀྱི་ནང་དུ་ཡོད་རིང་མིའི་འདོད་པ་ལྟར་མ་ཡིན་པར། དཀོན་མཆོག་གི་ཐུགས་དགོངས་ལྟར་འཚོའོ། ༣ འདོད་པ་སྤྱོད་པ་དང་། ཞེ་སྡང་དང་། ར་བཟི་བ་དང་། བག་མེད་ཀྱི་ཟ་བཏུང་ལ་སྤྱོད་པ་དང་། ཞེན་ལོག་གི་སྐུ་འདྲར་བརྟེན་པ་ལ་སོགས་ཕྱི་པ་རྣམས་ཀྱི་འདོད་པ་ལྟར་བྱས་པའི་འདས་པའི་དུས་དེ་ཀས་ཆོག ༤ ད་ལྟ་ཁྱེད་ཚོ་ཚད་མེད་དེ་རྣམས་ནང་ཁོ་ཚོ་དང་མ་འགྲེ་བར་མཐོང་ནས་དེ་ཚོ་ཧ་ལས་ཤིང་ཁྱེད་ཚོར་སྨད་དོ། ༥ གསོན་གཤིན་གཉིས་ཀྱི་ཞལ་ཆེ་གཅོད་འོང་བ་ཁོང་ལ་དེ་ཚོས་ལན་འདེབས་དགོས་འོང་། ༦ གཤིན་པོ་རྣམས་ལའང་ཕྲིན་བཟང་བཤད་པའི་དོན་ནི། མིའི་ལུགས་ལ་འཇིག་རྟེན་པ་ལྟར་ཞལ་ཆེ་གཅད་ཀྱང་། དཀོན་མཆོག་གི་ལུགས་ལ་སེམས་ཉིད་པ་ལྟར་འཚོ་བའི་ཕྱིར་རོ༎༧ ཐམས་ཅད་ཀྱི་མཐའ་མ་ཉེ་བར་བསླེབས་པས། དྲན་པ་བརྟན་པོ་དང་རན་པར་སྨོན་ལམ་གྱི་ངང་ན་གནས་པར་གྱུར་ཅིག ༨ བྱམས་པས་ནི་སྡིག་པ་མང་པོ་འགེབས་པས། ཐམས་ཅད་པས་ལྷག་པར་ཕན་ཚུན་འཛད་དུ་མེད་པའི་བྱམས་པ་བྱེད་དགོས། ༩ མི་སྐྱོ་བར་ཕན་ཚུན་མགྲོན་པོར་བསུས་ཤིག ༡༠ རེ་རེ་ལ་གནང་སྦྱིན་ཐོབ་པ་དང་བསྟུན་ཏེ། དཀོན་མཆོག་གི་གནང་སྦྱིན་སྣ་ཚོགས་ཀྱི་གཉེར་པ་བཟང་པོ་ལྟར། ཕན་ཚུན་བདག་རྐྱེན་བྱོས་ཤིག ༡༡ ཆོས་འཆད་ན། དཀོན་མཆོག་གི་བཀའ་གླེང་བ་ལྟར་དང་། ཞབས་ཏོག་བྱེད་ན། དཀོན་མཆོག་གིས་གནང་བའི་སྟོབས་བཞིན་དུ་བྱོས་ཤིག དེ་ནས་བྱ་བ་ཐམས་ཅད་ནང་ཡེ་ཤུ་མཱ་ཤི་ཀའི་སྒོ་ནས་དཀོན་མཆོག་ལ་བསྟོད་པ་འབྱུང་བར་འགྱུར་རོ། དུས་རྒྱུན་དུ་དཔལ་དང་དབང་ཁོང་གི་ཡིན་ནོ། ཨ་མེན༎
༡༢ གཅེས་པ་རྣམས། ཁྱེད་ཚོར་མེ་ལྟ་བུའི་ཉམས་སད་འབྱུང་བ་ཁྱད་མཚར་ཞིག་མི་ཚོར་བར་ཡ་མཚན་དུ་མ་གྱུར་ཅིག ༡༣ ཁོང་གི་གཟི་བརྗིད་མངོན་པའི་ཚེ། ཁྱེད་ཚོ་རབ་ཏུ་དགའ་མགུ་བའི་ཕྱིར། མཱ་ཤི་ཀའི་སྡུག་བསྔལ་ཁྱེད་ཚོས་ཀྱང་མཉམ་དུ་འཁུར་བས་དགའ་བར་གྱུར་ཅིག ༡༤ དཀོན་མཆོག་གི་གཟི་བརྗིད་ཀྱི་ཐུགས་ཉིད་ཁྱེད་ཐོག་ཡོད་པས། མཱ་ཤི་ཀའི་མཚན་གྱི་རྐྱེན་གྱིས་ཁྱེད་ལ་སྨད་ན། ཁྱེད་བདེའོ། ༡༥ ཁྱེད་སུའང་མི་བསད་དམ། རྐུན་མའམ། སྤྱོད་ངན་ནམ། བསྟན་བཤིག་འཛིན་ཅིང་སྡུག་བསྔལ་བ་ནི་མི་རིགས་སོ། ༡༦ འོན་ཀྱང་མཱ་ཤི་ཀ་པ་ཡིན་པའི་དོན་དུ་སྡུག་བསྔལ་འབྱུང་ན། མི་ཁྲེལ་བར་མིང་དེའི་ཕྱིར་དཀོན་མཆོག་ལ་བསྟོད་པ་ཕུལ་ཞིག ༡༧ དཀོན་མཆོག་གི་ཁྱིམ་ཚང་ནས་ཞལ་ཆེ་གཅོད་པ་འགོ་འཚུགས་པའི་དུས་ལ་བབས་སོ། ང་ཚོ་རང་ནས་འགོ་འཚུགས་ན། དཀོན་མཆོག་གི་ཕྲིན་བཟང་མི་ཉན་པ་རྣམས་ལ་མཐར་ཅི་མི་འབྱུང་། ༡༨ དྲང་པོ་དག་ཀྱང་ཐར་དཀའ་ན། ཆོས་མེད་སྡིག་ཅན་གང་དུ་འགྲོ། ༡༩ དཀོན་མཆོག་གི་ཐུགས་དགོངས་བཞིན་སྡུག་བསྔལ་མྱོང་བ་རྣམས་ཀྱིས་ཀྱང་བཟང་པོ་བྱེད་ཅིང་། རང་གི་སྲོག་ནི་འགྱུར་བ་མེད་པའི་མཛད་པ་པོ་ལ་བཅོལ་ཅིག།