ང་རང་ཡང་རྒན་མི་ཡིན་པ་དང་། མཱ་ཤི་ཀའི་སྡུག་བསྔལ་གྱི་དཔང་པོ་དང་། མངོན་པར་འགྱུར་བའི་བཟི་བརྗིད་ལ་ཐེ་མཁན་ཡིན་པས། ཁྱེད་ཚོའི་རྒན་མི་རྣམས་ལ་བསླབ་བྱ་འདི་སྟོན་ནོ།  ཁྱེད་ཚོའི་འགན་ཁག་ལ་ཡོད་པའི་དཀོན་མཆོག་གི་ལུག་ཁྱུ་སྐྱོངས་ཤིག མི་བྱེད་ཀ་མེད་ཀྱིས་མིན་པར། དགའ་བཞིན་དུ་འགན་ཁུར་ཞིག ནོར་གྲིབ་ཅན་གྱི་ཕྱིར་མ་ཡིན་པར། གདུང་བས་སྐྱོངས་ཤིག  སྐལ་བ་ལྟར་དུ་དེའི་ཐོག་དབང་མི་བྱེད་པར། ལུག་ཁྱུ་ལ་མ་དཔེར་གྱུར་ཅིག་དང་།  རྫི་བོའི་མཆོག་མངོན་པའི་དུས་སུ། ཁྱེད་ཚོར་མི་རྙིད་པའི་གཟི་བརྗིད་ཀྱི་ཕྲེང་བ་ཐོབ་པར་འགྱུར་རོ༎
 དེ་བཞིན་དུ་ཁྱེད་ཚོ་གཞོན་པ་རྣམས་རྒན་མི་རྣམས་ཀྱི་འབངས་བྱོས་ཤིག དཀོན་མཆོག་གིས་ང་རྒྱལ་ཅན་ལ་རྒོལ་བར་མཛད་ཅིང་། སྙེམས་ཆུང་ལ་ཐུགས་རྗེ་གནང་བས། ཁྱེད་ཚོ་ཐམས་ཅད་ཕན་ཚུན་སྙེམས་ཆུང་གི་གོས་གོན་པར་དགོས།  དཀོན་མཆོག་གི་ཕྱག་མཐུ་ལྡན་གྱི་འོག་ཏུ་དམན་ས་བཟུང་ཞིག་དང་། དུས་རན་པའི་ཚེ་ཁོང་གིས་ཁྱེད་ཚོ་ཡར་འདེགས་པར་འགྱུར།  ཁྱེད་ཚོའི་ཤ་ཚ་ཁོང་གིས་འཁུར་བས། སེམས་ཁྲལ་ཐམས་ཅད་ཁོང་ལ་གཏོད།
 བག་དང་ལྡན་ཞིང་གཅང་གྲུང་བྱོས་ཤིག ཁྱེད་ཚོའི་དགྲ་བོ་བདུད་ནི་ངར་སྐད་འདོན་པའི་སེང་གེ་ལྟར་འཁོར་ཞིང་། སུ་ཞིག་ཟ་ཕྱིར་འཚོལ་ལོ།  འཇིག་རྟེན་ཡོངས་ན་ཁྱེད་ཚོའི་སྤུན་རྣམས་ལའང་སྡུག་བསྔལ་འདི་འབྱུང་དགོས་པ་ཤེས་ནས། ཁྱེད་ཚོ་དད་པ་ལ་བརྟན་ཞིང་བདུད་ལ་རྒོལ་ཞིག ༡༠ ཁྱེད་ཚོ་ཡུད་ཙམ་སྡུག་བསྔལ་མྱོང་བའི་འོག་ཏུ། མཱ་ཤི་ཀའི་སྒོ་ནས་ཉིད་ཀྱི་གཟི་བརྗིད་མཐའ་ཡས་ལ་ཁྱེད་ཚོ་བཀུག་པའི་ཐུགས་རྗེ་ཐམས་ཅད་ཀྱི་དཀོན་མཆོག་ཉིད་ཀྱིས། ཁྱེད་ཚོ་སླར་གསོ་ཞིང་། འཛུག་ཅིང་། བརྟན་ཅིང་། གཡོ་བ་མེད་པར་མཛད་པར་འགྱུར། ༡༡ དུས་རྒྱུན་དུ་དབང་ཁོང་གི་ཡིན་ནོ། ཨ་མེན༎
༡༢ ངས་དྲང་པོར་རྩི་བའི་སྤུན་སི་ལཱ་རྒྱུད་ནས། དཀོན་མཆོག་གི་བདེན་པའི་ཐུགས་རྗེ་ནི་དེ་ལྟར་ཡིན་པར་སྟོན་ཅིང་འཆད་པའི་ཡི་གེ་མདོར་བསྡུས་འདི་བྲིས་པ་ཡིན། དེ་ལ་བརྟན་པོར་གནས་ཤིག ༡༣ ཁྱེད་ཚོ་ལྟར་འདམས་པ་བཱ་བེལ་དུ་གནས་པ་དེ་དང་། ངའི་བུ་མར་ཀུ་ཡིས་ཁྱེད་ཚོར་ཕྱག་འབུལ་ལོ། ༡༤ ཕན་ཚུན་བྱམས་པས་འོ་བྱེད་ཅིང་ཕྱག་བྱོས་ཤིག མཱ་ཤི་ཀ་པ་ཁྱེད་ཐམས་ཅད་ལ་ཞི་བདེ་བར་གྱུར་ཅིག། ༎