ཨིས་ར་ཨེལ་གྱི་མི་སྡེའི་ནང་ལུང་སྟོན་པ་རྫུས་མའང་ཐོན་པ་ལྟར། ཁྱེད་ཚོའི་ནང་དུའང་སློབ་དཔོན་རྫུས་མ་འབྱུང་ཞིང་། འཕུང་དཀྲོལ་གྱི་ལྟ་ལོག་གསང་ཞིང་བཏོན་ཏེ། དེ་ཚོ་རིན་གྱིས་བླུས་པའི་ཇོ་བོ་ལ་རྒྱབ་ལོག་ཅིང་། རང་གི་ཐོག་ཏུ་འཕུང་དཀྲོལ་མྱུར་དུ་འདྲེན་པར་འགྱུར་རོ།  ཡང་མི་མང་པོ་དེ་ཚོའི་འདོད་ཆགས་ཀྱི་དཔེའི་རྗེས་སུ་འབྲང་བའི་རྐྱེན་གྱིས་བདེན་པའི་ལམ་ལ་སྨད་པར་འགྱུར།  ནོར་བརྣབ་ཀྱིས་རྫུན་ཚིག་གི་ཁྱེད་ཚོར་མགོ་བསྐོར་བར་འགྱུར། དེ་ཚོར་བཀའ་ཆད་སྔར་ཐག་ཆོད་པ་དེ་མི་ཕོག་པར་མི་ལུས། དེ་ཚོའི་འཕུང་དཀྲོལ་འདས་པའང་མིན།
 གལ་ཏེ་དཀོན་མཆོག་གིས་སྡིག་པ་བྱས་པའི་ཕོ་ཉའང་མ་བཏང་བར། ཞལ་ཆེའི་ཉིན་མོའི་བར་དུ་དམྱལ་བར་མུན་པའི་དོང་གི་ནང་དུ་དབྱུགས་ན།  ཆོས་མིན་གྱི་འཇིག་རྟེན་ལ་ཆུ་ལོག་གནང་དུས་སུ། དྲང་བ་ཉིད་སྒྲོག་པ་པོ་ནོ་ཨ་དང་གཞན་བདུན་སྐྱོབས་ཅིང་། སྔར་གྱི་འཇིག་རྟེན་མ་བཏང་བར་མེད་པར་མཛད་ན།  ཕྱི་རབས་ཀྱི་ཆོས་མེད་རྣམས་འཛེམ་པའི་ཕྱིར། སོ་དོམ་དང་གོ་མོ་རཱའི་གྲོང་ཁྱེར་ཐལ་བར་རློག་ཅིང་། སྟོངས་པའི་བཀའ་ཆད་གནང་ན། ༧-༨ ཡང་ལོད་དྲང་པོ་དེ་འདོད་ལོག་སྤྱོད་པའི་སྡིག་ཅན་རྣམས་ཀྱི་དཀྱིལ་དུ་གནས་ཏེ། དེ་རྣམས་ཀྱི་མི་རིགས་པའི་སྤྱོད་པ་ཉིན་རེ་བཞིན་མཐོང་ཞིང་ཐོས་པས་མནར་བར་གྱུར་པ་ཁོ་སྐྱབས་པ་ཡིན་ན། ༩-༡༠ དེ་ནས་ཆོས་པ་ཉམས་སད་ལས་སྐྱོབ་པ་དང་ཆོས་མེད་ཁྱད་པར་དུ་འདོད་ཆགས་ཀྱི་འདམ་དུ་ཚུད་པ་དང་དབང་ལ་མི་རྩི་བ་རྣམས། ཞལ་ཆེའི་ཉིན་མོའི་བར་དུ་ཆད་པའི་ནང་འཇོག་པའང་གཙོ་བོས་མཁྱེན་ནོ། ཧམ་པ་དང་ང་རྒྱལ་ཅན་དེ་རྣམས་ནི། དཔལ་དང་ལྡན་པ་རྣམས་ལ་སྨད་པར་མི་འཇིགས་སོ། ༡༡ ཕོ་ཉ་རྣམས་དབང་དང་སྟོབས་ཆེའང་གཙོ་བོའི་དྲུང་དུ་དེ་རྣམས་ལ་མི་དམོད་དོ༎
༡༢ དེ་རྣམས་བཟུང་ནས་གསོད་པར་འགྱུར་བའི་ཤེས་མེད་ཀྱི་དུད་འགྲོའི་གཤིས་དང་ལྡན་པ་དང་འདྲ་སྟེ། མི་ཤེས་པ་དེ་ལ་སྨད་པས་དུད་འགྲོ་དང་འདྲ་བར་འཕུང་བར་འགྱུར་ཞིང་། ༡༣ ངན་པའི་ཕྱིར་ངན་པ་ཐོབ་པར་འགྱུར། ཉིན་མོར་བག་མེད་དུ་སྤྱོད་པ་སྐྱིད་པོར་རྩི་ཞིང་། ཁྱེད་ཚོ་མཉམ་མགྲོན་ལ་དེ་ཚོས་ཚོད་མི་ཤེས་པར་ལོངས་སྤྱོད་པ་རྨེ་གྲིབ་དང་སྐྱོན་ཅན་ཡིན་ནོ། ༡༤ ལོག་གཡེམ་གྱིས་གང་བའི་མིག་ལྟ་ཞིང་། སྡིག་པ་ལ་ངོམས་པ་མེད། མི་བརྟན་པ་རྣམས་བསླུ་ཞིང་། བརྣབ་སེམས་ལ་སྦྱངས་པའི་སྙིང་དང་ལྡན་ནོ། དམོད་ཕོག་པ་དེ་རྣམས། ༡༥ ལམ་དྲང་པོ་སྤངས་ཏེ་འཁྱར་བ་ཡིན། བེ་ཨོར་གྱི་བུ་བ་ལ་ཨམ་གྱི་རྗེས་སུ་འབྲངས། དེ་མི་རིགས་པའི་འབྲས་བུ་ལ་ཆགས་པས། ༡༦ བོང་བུ་ལྐུགས་པས་མིའི་སྐད་ནང་སྨྲ་ཞིང་ལུང་སྟོན་པ་དེ་སྨྱོ་འབོག་ལས་བཀག་ནས། ཁོའི་འགལ་སྐྱོན་ལ་ཁ་བཏང་ངོ་༎
༡༧ དེ་རྣམས་ནི་ཆུ་མེད་པའི་ཁྲོན་པ་དང་། རླུང་གིས་དེད་པའི་རྨུགས་པ་སྟེ། དེ་རྣམས་ཀྱི་ཕྱིར་དུ་མུན་པའི་སྨག་རུམ་བཞག་ཡོད། ༡༨ དེ་རྣམས་ཀྱིས་ང་རྒྱལ་གྱི་བླུན་གཏམ་སྒྲོག་ཅིང་། འཁྲུལ་བ་རྣམས་ཀྱི་དཀྱིལ་ལས་ཉེ་ཆར་ཐར་བ་རྣམས། ལུས་ཀྱི་འདོད་ཆགས་ཀྱིས་བསླུའོ། ༡༩ གཞན་ལ་ཐར་བའི་ཁ་ཆད་བྱེད་ཀྱང་རང་འཕུང་དཀྲོལ་གྱི་ཚེ་གཡོག་ཡིན་ནོ། མི་ཞིག་གང་གི་དབང་དུ་སོང་བ་དེའི་ཚེ་གཡོག་ཡིན། ༢༠ ང་ཚོའི་གཙོ་བོ་དང་སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀ་རྟོགས་པའི་སྒོ་ནས་འཇིག་རྟེན་གྱི་གྲིབ་ལས་ཐར་བའི་རྗེས་སུ། སླར་དེའི་ནང་འཚུད་ཅིང་དེའི་དབང་དུ་སོང་ན། གནས་ཚུལ་ཕྱི་མ་དེ་སྔ་མ་བས་ཐུ་རུ་འགྲོ། ༢༡ དེ་རྣམས་དྲང་བ་ཉིད་ཀྱི་ལམ་ཤེས་ནས་དམ་པའི་བཀའ་གནང་བ་དེ་ལ་རྒྱབ་ལོག་པ་བས། དེ་མ་ཤེས་པ་ཡིན་ན་དེ་རྣམས་ཀྱི་ཕྱིར་ལེགས་སོ། ༢༢ ཁྱི་ནི་རང་གི་སྐྱུག་པར་འཁོར། ཕག་མོ་བཀྲུས་ཀྱང་འདམ་ནང་འདྲེ། ཞེས་པའི་གཏམ་བདེན་པ་བཞིན་དེ་རྣམས་ལ་བྱུང་ངོ་༎