གཅེས་པ་རྣམས། འདི་ངའི་ཡི་གེ་གཉིས་པ་ཡིན་ཅིང་། གཉིས་ཀའི་ནང་ཡིད་སྐུལ་གྱི་ཚུལ་དུ་ཁྱེད་ཀྱི་སེམས་དག་པ་དེ་སློང་བ་ནི།  ལུང་སྟོན་པ་དམ་པ་རྣམས་ཀྱི་ལུང་བསྟན་དང་། གཙོ་བོ་སྐྱབས་མགོན་གྱི་བཀའ་སྐུ་ཚབ་རྒྱུད་དེ་གནང་བ་དྲན་པའི་ཕྱིར་དུ་ཡིན།  དང་པོར་འདི་ཤེས་པར་གྱིས་ཤིག དུས་ཀྱི་མཐའ་མར་རང་གི་འདོད་པ་བཞིན་འགྲོ་བའི་འཕྱ་མཁན་འབྱུང་བར་འགྱུར་ཞིང་།  ཕ་མེས་འདས་ཤིང་འཇིག་རྟེན་གྱི་ཐོག་མ་ནས་ཡོད་པ་ལྟར་ཐམས་ཅད་དེ་བཞིན་དུ་ཡོད་པས། ཁོང་འབྱོན་པའི་ཞལ་ཆད་ག་རེ་ཞེས་ཟེར་རོ།  དཀོན་མཆོག་གི་བཀས་ནམ་མཁའ་ནི་སྔར་ནས་ཡོད་པ་དང་། ས་གཞི་ནི་ཆུ་ནས་བྱུང་ཞིང་ཆུ་ལ་རྟེན་ཏེ་གནས་སོ།  གང་ལ་རྟེན་ཏེ་གནས་པའི་འཇིག་རྟེན་དེ་ཆུས་བཀབ་ནས་མེད་པར་གྱུར་པ་དེ་ཚོས་ཤེས་བཞིན་དུ་རྗེད་པར་བྱེད་དོ།  འོན་ཀྱང་ད་ལྟ་ཡོད་པའི་གནམ་དང་ས་མེས་སྲེག་པ་དང་། ཆོས་མེད་ཀྱི་མི་ཚར་གཅོད་པའི་ཕྱིར། ཞལ་ཆེའི་ཉིན་མོའི་བར་བཀའ་དེ་ཀས། བསྲི་ཚགས་གནང་ནས་བཞག་གོ།
 གཅེས་པ་རྣམས། གཙོ་བོའི་གཟིགས་ངོར་ཉིན་གཅིག་ནི་ལོ་སྟོང་དང་ལོ་སྟོང་ནི་ཉིན་གཅིག་དང་འདྲ་བ་ཡིན་པ་མ་རྗེད་ཅིག  ཁ་ཅིག་གིས་སེམས་ཀྱང་གཙོ་བོས་ཉིད་ཀྱི་ཞལ་ཆད་ལ་བཤོལ་མི་འདེབས་ཤིང་། སུའང་འཇིག་པ་ལ་མི་དགྱེས་པར། ཐམས་ཅད་འགྱོད་ཚངས་སྐྱེད་པའི་ཕྱིར། ཁྱེད་ཚོའི་དོན་དུ་ཐུགས་སྣ་རིང་བར་མཛད་དོ། ༡༠ གཙོ་བོའི་ཉིན་མོ་དེ་རྐུན་མ་དང་འདྲ་བར་འོང་བར་འགྱུར། དེའི་ཚེ་ལྡིར་སྒྲ་ཆེན་པོས་ནམ་མཁའ་ཡལ་བར་འགྱུར། འབྱུང་བཞི་མེས་འཇུ་བར་འགྱུར། ས་དང་ས་ལ་ཡོད་པ་ཐམས་ཅད་བསྲེག་པར་འགྱུར་རོ༎
༡༡-༡༢ དེ་ལྟར་དེ་ཐམས་ཅད་ཞུ་རྒྱུ་ཡིན་པས། ཁྱེད་ལ་སྤྱོད་ལམ་བཟང་པོ་དང་ཆོས་སེམས་ཇི་ལྟ་བུ་ཞིག་ཡོད་དགོས། ནམ་མཁའ་འབར་ཞིང་འཇིག་ནས་འབྱུང་བཞི་མེས་ཞུ་བར་འགྱུར་བའི་དཀོན་མཆོག་གི་ཉིན་མོ་དེ་འོང་བའི་ཕྱིར་རིངས་ཤིང་སྒུག་པ་ཞིག་དགོས། ༡༣ ང་ཚོ་ནི་ཁོང་གི་ཞལ་ཆད་བཞིན་དུ། དྲང་བ་ཉིད་བཞུགས་པའི་ནམ་མཁའ་གསར་བ་དང་ས་གཞི་གསར་བའི་ཕྱིར་སྒུག་གོ།
༡༤ གཅེས་པ་རྣམས། ཁྱེད་ཚོ་དེའི་ཕྱིར་སྒུག་པས། ཁོང་གི་དྲུང་དུ་སྐྱོན་དང་རྨེ་བ་མེད་པར་ཞི་བདེ་དང་ལྡན་པ་འབྱུང་བར་བརྩོན་ཞིག ༡༥ ང་ཚོའི་གཙོ་བོས་ཐུགས་སྣ་རིང་བར་མཛད་པ་དེ་ཐར་པ་རུ་རྩིས་ཤིག ང་ཚོའི་གཅེས་པའི་སྤུན་པའུ་ལུས་ཀྱང་ཁོང་ལ་གནང་བའི་ཤེས་རབ་དང་དཔགས་ནས་ཁྱེད་ཚོར་དེ་བཞིན་དུ། ༡༦ ཕྲིན་ཡིག་ཐམས་ཅད་ཀྱི་ནང་འདིའི་ཕྲོས་བྱེད་ཅིང་བྲིས་པ་ཡིན། དེ་ཚོའི་ནང་ན་གོ་དཀའ་བ་ཁ་ཤས་ཡོད་དེ། བློ་གྲོས་མེད་ཅིང་བརྟན་པོ་མིན་པ་འགའ་རེས་གསུང་རབ་གཞན་ལ་བྱེད་པ་ལྟར་འདིའི་དོན་ཡང་འགྱུར་ནས་རང་འཕུང་བའི་རྒྱུར་བྱེད་དོ། ༡༧ དེའི་ཕྱིར་གཅེས་པ་རྣམས། འདི་རྣམས་ཁྱེད་ཚོས་སྔོན་དུ་ཤེས་པས། བཀའ་ཁྲིམས་མེད་པ་རྣམས་ཀྱི་འཁྲུལ་པའི་དབང་དུ་སོང་ནས་རང་གི་བརྟན་པ་མི་བརླག་པའི་ཕྱིར་གཅང་གྲུང་བྱོས་ཤིག ༡༨ ང་ཚོའི་གཙོ་བོ་དང་སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་དང་རྟོགས་པའི་ནང་ཆེར་སྐྱེད་ཅིག ཁོང་ལ་ད་ལྟ་དང་མཐའ་མེད་པའི་ཉིན་མོའི་བར་དུ་བསྟོད་པ་འབྱུང་བར་ཤོག་ཅིག ཨ་མེན༎ ༎