ཡོ་ཧ་ནན་གྱིས་བསྐུར་པའི་འཕྲིན་ཡིག་གཉིས་པ།
ང་ཚོའི་ནང་གནས་ཤིང་ང་ཚོ་མཉམ་རྟག་ཏུ་གནས་པའི་བདེན་པའི་རྐྱེན་གྱིས། རྒན་པོ་ངས་བདེན་པའི་ངང་ནས་གཅེས་པར་འཛིན་པའི་གཙོ་བོས་འདམས་པའི་བཙུན་མོ་གང་དང་དེའི་བུ་རྣམས་ལ་ཡི་གེ་འདི་འབུལ་ལོ།  ང་གཅིག་པུ་མ་ཟད་བདེན་པ་རྟོགས་པ་ཐམས་ཅད་ཀྱིས་ཀྱང་ཁྱེད་ཚོ་གཅེས་པར་འཛིན་ནོ།  དཀོན་མཆོག་ཡབ་དང་སྲས་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་དང་སྙིང་རྗེ་དང་ཞི་བདེ་ང་ཚོའི་ནང་མཉམ་དུ་ཡོད་པར་འགྱུར་རོ༎
 ཡབ་ཀྱིས་གནང་བའི་བཀའ་བཞིན་དུ་ཁྱེད་ཀྱི་བུ་ཁ་ཤས་ཀྱིས་བདེན་པ་ལ་བརྟེན་ཅིང་སྤྱོད་ལམ་བྱེད་པ་མཐོང་བས། ང་ཤིན་ཏུ་དགའོ།  ད་བཙུན་མོ་ཁྱེད་ལ་བཀའ་རྒྱ་གསར་པ་ཞིག་འབྲི་བ་ལྟར་མ་ཡིན་པར། ངའི་ཞུ་བ་ནི། ང་ཚོས་གཅིག་གིས་གཅིག་ལ་བྱམས་པར་རིགས་སོ་ཞེས་ཐོག་མ་ནས་ང་ཚོར་ཡོད་པའི་བཀའ་དེ་ཡིན་ནོ།  ཁོང་གི་བཀའ་བཞིན་སྤྱོད་པ་དེ་བྱམས་པ་ཡིན། ཐོག་མ་ནས་ཐོས་པའི་བཀའ་རྒྱ་བཞིན་དུ་ཁྱེད་ཀྱིས་སྤྱོད་པར་རིགས་སོ།  ཡེ་ཤུ་མཱ་ཤི་ཀ་མི་ལུས་བཞེས་ནས་བྱོན་པ་ལ་མི་རྩི་བའི་ལོག་འདྲེན་པ་མང་པོ་འཇིག་རྟེན་དུ་བྱུང་སྟེ། དེ་ལྟ་བུ་དག་ནི་ལོག་འདྲེན་པ་དང་མཱ་ཤི་ཀའི་བསྟན་དགྲ་ཡིན།  ང་ཚོའི་ལས་དེ་ཁྱེད་ཀྱིས་སྟོངས་མི་འཇུག་པར་རྔན་པ་ཚང་པོ་ཐོབ་པའི་ཕྱིར་རང་ལ་བྱ་ར་བྱོས་ཤིག  མཱ་ཤི་ཀའི་བསྟན་པའི་ནང་མི་གནས་པར་དེ་ལས་ཐལ་བ་ལ་དཀོན་མཆོག་མེད། བསྟན་པའི་ནང་གནས་པ་ལ་ཡབ་དང་སྲས་གཉིས་པོ་ཡོད། ༡༠ ཁྱེད་ཀྱི་རྩར་འོང་བ་དེས་བསྟན་པ་འདི་མི་སྟོན་ན། ཁང་པའི་ནང་དུ་མི་བསུ་ཞིང་ཕྱག་ཀྱང་མ་བྱེད་ཅིག ༡༡ ཁོ་ལ་ཕྱག་བྱེད་པ་དེ་ཁོའི་མི་དགེ་བའི་ནང་ལའང་འདྲེའོ༎
༡༢ འབྲི་རྒྱུ་མང་པོ་ཡོད་ཀྱང་། ཤོག་བུ་དང་སྣག་ཚ་འཁོལ་བ་ལས། ཁྱེད་ཀྱི་དགའ་བ་རྫོགས་པའི་ཕྱིར། ཁྱེད་ཀྱི་རྩར་འོངས་ནས་གདོང་ཐུག་ནས་གཏམ་གླེང་བྱེད་པར་རེ་ཞིང་དགའོ། ༡༣ གཙོ་བོས་འདམས་པའི་ཁྱེད་ཀྱི་སྤུན་མའི་བུ་རྣམས་ཀྱིས་ཁྱེད་ལ་ཕྱག་བྱེད་དོ༎ ༎