ཡོ་ཧ་ནན་གྱིས་བསྐུར་པའི་འཕྲིན་ཡིག་གསུམ་པ།
༡
བདེན་པའི་ངང་ནས་གཅེས་པར་འཛིན་པའི་ག་ཡུ་ལ་རྒན་པོ་ངས་ཡི་གེ་འདི་འབུལ་ལོ། ༢ གཅེས་པ་ཁྱོད་ཀྱི་སེམས་ཉིད་བདེ་བ་ལྟར། རྣམ་པ་ཐམས་ཅད་དང་། ལུས་ཁམས་ཀྱང་བདེ་བར་གནས་པའི་ཕྱིར་སྨོན་ལམ་འདེབས་སོ། ༣ ཁྱོད་བདེན་པ་ཉིད་ལ་སྤྱོད་ཀྱང་སྤྱོད་པས། སྤུན་ཁ་ཤས་འདིར་འོངས་ནས་ཁྱེད་ཀྱི་བདེན་པ་ལ་སྤྱོད་པར་དཔང་པོ་བྱས་པའི་ཚེ་ང་ཤིན་ཏུ་དགའ་བར་གྱུར་ཏོ། ༤ ངའི་བུ་རྣམས་བདེན་པ་ལ་སྤྱོད་པར་ཐོས་པ་ལས་ལྷག་པའི་དགའ་སྤྲོ་ང་ལ་མེད་དོ༎༥ གཅེས་པ་ཁྱོད་ཀྱིས་སྤུན་རྣམས་དང་ཁྱད་པར་དུ་རྒྱལ་ཁམས་པ་ལ་བདག་རྐྱེན་བྱས་པ་ནི་ལས་བཟང་པོ་བྱས་པ་ཡིན་ནོ། ༦ དེ་རྣམས་ཀྱིས་ཆོས་ཚོགས་ཀྱི་མདུན་དུ་ཁྱོད་ཀྱི་བྱམས་སེམས་ལ་དཔང་པོ་བྱས་སོ། དཀོན་མཆོག་གི་ཞབས་ཏོག་ལ་མཚུངས་པར་ཁྱོད་ཀྱིས་དེ་རྣམས་ལམ་དུ་གཏང་ན་ལེགས་སོ། ༧ ཅིའི་ཕྱིར་ཞེ་ན། དེ་རྣམས་ནི་དཀོན་མཆོག་གི་ཕྱིར་དུ་ཐོན་ཏེ། ཕྱི་པ་ལས་ཅིའང་མི་ལེན་ནོ། ༨ ང་ཚོའང་བདེན་པ་ཉིད་ཀྱི་ལས་གྲོགས་སུ་འགྱུར་བའི་ཕྱིར། དེ་འདྲ་བ་རྣམས་ལ་བདག་རྐྱེན་བྱེད་པར་རིགས་སོ༎
༩ ངས་ཆོས་ཚོགས་ལ་ཅི་ཞིག་བྲིས་པ་ཡིན་ཀྱང་། དིའོ་ཏྲེ་ཕེ་ཡིས་ཁོ་རང་མཆོག་ཏུ་འགྱུར་བར་འདོད་པས་ང་ཚོའི་དབང་ལ་མི་རྩིའོ། ༡༠ ང་འོང་དུས་སུ་དེས་བྱེད་པའི་ལས་དང་། ང་ཚོར་གཏམ་ངན་སྒྲོག་པ་རྣམས་འཆད་པར་བྱའོ། དེས་ཀྱང་མི་ཆོག་པར་ཁོས་སྤུན་རྣམས་རང་གི་ཁང་པ་ལའང་མི་བསུ། བསུ་བར་འདོད་པ་རྣམས་ལའང་འགེགས་ཤིང་ཆོས་ཚོགས་ནས་འདོན་ནོ༎
༡༡ གཅེས་པ་ཁྱོད་ཀྱིས་ངན་པའི་ལད་མོ་མི་བྱེད་པར་བཟང་པོའི་ལད་མོ་བྱོས་ཤིག བཟང་པོ་བྱེད་མཁན་ནི་དཀོན་མཆོག་ནས་ཡིན། ངན་པ་བྱེད་མཁན་གྱིས་དཀོན་མཆོག་མ་མཇལ་བ་ཡིན། ༡༢ དེ་མེ་ཏྲེའུ་ལ་མི་ཐམས་ཅད་དང་བདེན་པ་ཉིད་ཀྱིས་དཔང་པོ་བྱེད་དོ། ང་ཚོས་ཀྱང་དཔང་པོ་བྱེད་དོ། ང་ཚོས་དཔང་པོ་བྱེད་པ་བདེན་པ་ཡིན་པ་ཁྱོད་ཀྱིས་ཤེས་སོ༎