༡༢
ང་ཚོར་དཔང་པོའི་སྤྲིན་ཕུང་འདི་ཙམ་གྱིས་བསྐོར་བས། ང་ཚོས་ཀྱང་ཁུར་གང་ཡིན་པ་ཐམས་ཅད་དང་ལས་སླ་མོར་འཁྲིལ་བའི་སྡིག་པ་རྣམས་སྤངས་ཏེ། མགོ་འདྲེན་དང་ང་ཚོའི་དད་པ་རྫོགས་པར་མཛད་པའི་ཡེ་ཤུ་ལ་བལྟ་ཞིང་། རྒྱུག་དགོས་པའི་བང་རྒྱུག་དེ་སྙིང་རུས་ཀྱིས་རྒྱུག་པར་རིགས་སོ། ༢ ཁོང་གིས་ཉིད་ཀྱི་སྤྱན་སྔར་ཡོད་པའི་དགའ་སྤྲོ་དེའི་ཕྱིར་ངོ་ཚ་ལ་མ་འཛེམས་པར་རྒྱང་ཤིང་གི་དཀའ་སྡུག་བཟོད་ཅིང་དཀོན་མཆོག་གི་བཞུགས་ཁྲིའི་གཡས་སུ་བཞུགས་སོ། ༣ ཁྱེད་ཚོ་སྐྱོ་ཞིང་སེམས་མི་འཕམ་པའི་ཕྱིར། སྡིག་ཅན་རྣམས་ཀྱིས་དེ་ཙམ་གནོད་པ་བྱས་ཀྱང་ཐུགས་བཟོད་མཛད་པ་ཁོང་ལ་བསམ་བློ་ཐོངས་ཤིགངའི་བུ་གཙོ་བོས་གཅུན་པར་ཁྱད་མ་གསོད༎
ཁོང་གིས་བཀའ་བཀྱོན་མཛད་ན་སེམས་མ་འཕམ༎
༦ གཙོ་བོས་བྱམས་པ་དེ་ནི་གཅུན་པར་མཛད༎
སྲས་བུར་བརྩིས་པ་རྣམས་ལ་རྟ་ལྕག་རྒྱབ༎
ཅེས་ཁྱེད་ཚོར་བུ་དང་འདྲ་བར་སྐུལ་མ་བཏབ་པ་བརྗེད་དམ། ༧ ཁྱེད་ཚོས་སྡུག་སྲན་བྱེད་པ་ནི་འདུལ་བའི་ཕྱིར་ཡིན། ཕས་མ་གཅུན་པའི་བུ་ཡོད་དམ། དཀོན་མཆོག་གིས་ཁྱེད་ཚོ་བུ་ལྟར་གཅུན་ནོ། ༨ ཐམས་ཅད་དང་ལྷན་ཅིག་ཁྱེད་མ་འདུལ་ན། བུ་མ་ཡིན་པས་ནལ་བུ་ཡིན་ནོ། ༩ དེར་མ་ཟད་ང་ཚོ་གཅུན་པའི་ལུས་ཀྱི་ཕ་ཡོད་དེ། ང་ཚོས་དེ་དག་ལ་བཀུར་སྟི་ཞུས་པ་ཡིན། ད་སེམས་ཉིད་ཀྱི་ཕ་ལ་ལྷག་པར་འབངས་བྱེད་ཅིང་འཚོ་བར་མི་རིགས་སམ། ༡༠ དེ་ཚོས་རང་གི་བསམ་ཚོད་བཞིན་དུ་རེ་ཞིག་གཅུན་པ་ཡིན་ཀྱང་། ང་ཚོ་ཁོང་གི་སྐལ་བ་དང་ལྡན་པར་འགྱུར་ཕྱིར། ང་ཚོའི་ཕན་དོན་དུ་འདུལ་བར་མཛད་དོ། ༡༡ འདུལ་ལུགས་ཐམས་ཅད་འཕྲལ་དུ་དགའ་བ་ལས་སྡུག་པའི་རྒྱུ་འདྲ་མཐོང་ཡང་། རྗེས་སུ་དེར་སྦྱངས་པ་རྣམས་ལ་དྲང་བ་ཉིད་ཀྱི་ཞི་བདེའི་འབྲས་བུ་ཐོབ་བོ༎
༡༢ ལག་རྩ་ལྷོད་པ་དང་པུས་མོ་ཤེད་མེད་རྣམས་སྲོང་ཞིག ༡༣ ཁྱེད་ཚོའི་རྐང་པ་ཞ་བ་ཚིགས་ནས་མི་བུད་པར་ཐང་པོར་འགྱུར་བའི་དོན་དུ། ལམ་དྲང་པོ་བྱོས་ཤིག
༡༤ མི་རྣམས་དང་མཐུན་པ་དང་དམ་པར་འགྱུར་བ་ལ་སྙེགས་ཤིག དེ་མིན་སུས་ཀྱང་གཙོ་བོ་མཇལ་བར་མི་འགྱུར་རོ། ༡༥ ཐམས་ཅད་དཀོན་མཆོག་གི་ཐུགས་རྗེ་དང་ལྡན་པ་ལ་ལྟོས་ཤིག དེ་མིན་རོ་ཁ་བའི་རྩ་བ་རྡོལ་ཞིང་ཁྱེད་ཚོ་སྡུག་བསྔལ་ཞིང་། མི་མང་པོ་རྨེ་བར་འགྱུར་ལས་ཆེ། ༡༦ དུས་གཅིག་གི་ཁ་ཟས་ཕྱིར་སྔོན་སྐྱེས་ཀྱི་ཐོབ་ཐང་བཙོངས་པའི་ཨེ་སབ་དང་འདྲ་བར་ཚུལ་ཁྲིམས་དང་ཆོས་མེད་པར་མ་གྱུར་ཅིག ༡༧ རྗེས་སུ་དེས་བྱིན་རླབས་ཐོབ་ཏུ་འདོད་པའི་ཚེ། མཆི་མ་བླུག་ཅིང་བཙལ་ཀྱང་ཕའི་སེམས་སྒྱུར་མ་བཏུབ་པས་མ་ཐོབ་པ་ཁྱེད་ལ་རྒྱུས་ཡོད།
༡༨ ཁྱེད་ནི་ལག་པས་རེག་ནུས་པའི་རི་མེ་འབར་བ་དང་། མུན་ནག་དང་། སྨག་རུམ་དང་། རླུང་དྲག་དང་། ༡༩ དུང་གི་སྒྲ་དང་། ཚིག་གི་སྒྲ་བྱུང་བའི་དྲུང་དུ་འོངས་པ་མ་ཡིན། སྒྲ་དེ་ཐོས་པ་རྣམས་ཀྱིས་ང་ཚོར་ལྷག་པར་མ་གསུང་ཞེས་ཞུས་སོ། ༢༠ ཅིའི་ཕྱིར་ཞེ་ན། དུད་འགྲོ་ཞིག་ཀྱང་རི་དེ་ལ་རེག་ན་རྡོ་རུབ་ལ་གཏོང་དགོས་པའི་བཀའ་བྱུང་བས་ཐེག་མ་ཐུབ་བོ། ༢༡ མོ་ཤེས་ཀྱང་ང་འཇིགས་ཤིང་འདར་རོ་ཞེས་སྨྲ་བ་ཙམ་དུ་གཟིགས་སྣང་དེ་འཇིགས་སུ་རུང་བ་ཡོད་དོ། ༢༢ འོན་ཀྱང་ཁྱེད་ནི་རི་ཙི་ཨོན། གསོན་པོའི་དཀོན་མཆོག་གི་རྒྱལ་ས། ནམ་མཁའི་ཡེ་རུ་ཤ་ལེམ། གྲངས་མེད་པའི་ཕོ་ཉའི་དཔུང་། ༢༣ མགྲོན་གྱི་ཚོགས། ནམ་མཁའ་རུ་མིང་བྲིས་ཡོད་པའི་སྔོན་སྐྱེས་རྣམས་ཀྱི་འདུན་ས། ཐམས་ཅད་ཀྱི་ཁྲིམས་དཔོན་ལགས་པའི་དཀོན་མཆོག་དང་། མཐར་ཕྱིན་པར་མཛད་པའི་དྲང་པོ་རྣམས་ཀྱི་སེམས་ཉིད་དང་། ༢༤ ཞལ་ཆད་གསར་པའི་བར་མི་ཡེ་ཤུ་དང་། ཧ་བེལ་གྱི་ཁྲག་ལས་དོན་ལྷག་པར་ཡོད་པའི་སྐུ་ཁྲག་གཏོར་བའི་དྲུང་དུ་འོངས་པ་ཡིན།
༢༥ གསུང་མཁན་དེའི་བཀའ་མི་ཟློག་པ་ལ་བྱ་ར་གྱིས་ཤིག ས་གཞི་རུ་སྐུལ་བ་དེའི་བཀའ་བཅག་པས་དེ་རྣམས་མ་ཐར་བ་ཡིན་ན། ནམ་མཁའ་ནས་སྐུལ་བ་དེའི་བཀའ་བཅག་ན་ང་ཚོ་ཇི་ལྟར་ཐར། ༢༦ དེའི་དུས་སུ་ཁོང་གི་གསུང་སྐད་ཀྱིས་ས་གཞི་བསྒུལ་ཀྱང་། ད་ལྟ་ཁོང་གིས། ད་དུང་ཡང་ལན་གཅིག་ངས་ས་གཞི་མ་ཟད་ནམ་མཁའ་ཡང་སྒུལ་བར་བྱའོ་ཞེས་ཞལ་གྱིས་བཞེས་སོ། ༢༧ ད་དུང་ཡང་ལན་གཅིག་ཅེས་པའི་ཚིག་ལས། མི་གཡོ་བ་རྣམས་གནས་པའི་ཕྱིར། གཡོ་བ་རྣམས་ནི་འདུས་བྱས་ཡིན་པས་མེད་པར་མཛད་པའི་བརྡ་ཡིན། ༢༨-༢༩ ང་ཚོའི་དཀོན་མཆོག་སྲེག་པར་བྱེད་པའི་མེ་ཞིག་ལགས་པས་ན། ང་ཚོ་གཡོ་བ་མེད་པའི་རྒྱལ་སྲིད་ཅིག་ཐོབ་པས། གཏང་རག་དང་ལྡན་ཞིང་གུས་པ་དང་བག་དང་བཅས་དཀོན་མཆོག་གི་ཐུགས་སུ་འབྱོན་པའི་བསྙེན་བཀུར་འབུལ་བའི་རིགས་སོ༎