༡༡
དད་པ་ནི་རེ་བ་བྱས་པའི་དངོས་པོ་རྣམས་ལ་བློ་གདེང་དང་། མིག་གིས་མི་མཐོང་བ་རྣམས་ཉམས་སུ་མྱོང་བ་དེ་ཡིན་ནོ། ༢ དེ་ལ་བརྟེན་ནས་མེས་པོ་རྣམས་ལ་དཀོན་མཆོག་དགྱེས་པ་མངོན་སུམ་དུ་བྱུང་།༣ མིག་གིས་མཐོང་བ་རྣམས་མིག་གིས་མཐོང་བའི་དངོས་པོ་ལས་མ་མཛད་པར། འཇིག་རྟེན་རྣམས་དཀོན་མཆོག་གི་བཀས་བཀོད་པ་ཡིན་པ་དད་པའི་སྒོ་ནས་གོའོ༎
༤ ཧ་བེལ་གྱིས་དད་པའི་སྒོ་ནས་ཀ་ཡིན་ལས་བཟང་བའི་མཆོད་པ་དཀོན་མཆོག་ལ་ཕུལ་བས། དྲང་པོ་ཡིན་པ་མངོན་སུམ་དུ་མཛད་དེ། ཁོའི་མཆོད་པ་བཞེས་ནས་ཁོ་ཤི་ཡང་དད་པའི་སྒོ་ནས་ད་དུང་གཏམ་བྱེད་དོ། ༥ དད་པའི་སྒོ་ནས་ཧེ་ནོག་གིས་འཆི་བ་མི་མྱོང་བའི་ཕྱིར་ཡར་དྲངས་པ་ཡིན་ཏེ། དཀོན་མཆོག་གིས་བཞེས་པས་མི་རྣམས་ལ་མ་ཐོབ་བོ། ཁོ་ཡར་དྲངས་པའི་སྔོན་དུ་དཀོན་མཆོག་ཐུགས་མཉེས་པ་མངོན་སུམ་དུ་བྱུང་ངོ་། ༦ དཀོན་མཆོག་གི་དྲུང་དུ་འོང་འདོད་པ་དེས། ཁོང་མཆིས་པ་དང་། ཁོང་འཚོལ་མཁན་ལ་རྔན་པ་གནང་བ་ལ་དད་པ་བྱེད་དགོས་པས། དད་པ་མེད་པར་ཁོང་དགྱེས་མི་སྲིད་དོ། ༧ དད་པའི་སྒོ་ནས་ནོ་ཨས་ད་དུང་མ་མཐོང་བ་རྣམས་ཀྱི་སྐོར་ལ་སྐུལ་མ་བྱུང་བས་འཇིགས་ནས། རང་གི་ཁྱིམ་ཚང་ཐར་བའི་ཕྱིར་གྲུ་གཟིངས་ཤིག་བཟོས་སོ། དེ་ལྟར་ཁོས་འཇིག་རྟེན་ལ་འགལ་བཀལ་ནས། དད་པ་ལས་འབྱུང་བའི་ཐར་པའི་བརྒྱུད་འཛིན་དུ་གྱུར་ཏོ༎
༨ ནོར་སྐལ་དུ་གནང་རྒྱུའི་ས་ཆར་འགྲོ་ཕྱིར་ཨབ་ར་ཧམ་ལ་བོས་པར་མཛད་པའི་ཚེ། གང་དུ་འགྲོ་བ་མི་ཤེས་ཀྱང་དད་པའི་སྒོ་ནས་བཀའ་ལ་ཉན་ཏོ། ༩-༡༠ དད་པའི་སྒོ་ནས་ཞལ་ཆད་མཛད་པའི་ཡུལ་ནང་རྒྱལ་ཁམས་བསྐོར་མཁན་ལྟར་གནས་ཏེ། ཞལ་ཆད་མཉམ་པོར་ཐོབ་པའི་ཨི་སཱག་དང་ཡ་ཀོབ་མཉམ་དུ་དཀོན་མཆོག་གིས་རྩིགས་ཤིང་བཟོས་པའི་རྨང་བརྟན་པོ་ཡོད་པའི་གྲོང་ཁྱེར་ལ་སྒུག་ཅིང་གུར་ནང་གནས་སོ། ༡༡ དད་པའི་སྒོ་ནས་ས་རཱ་ཡིས་ཞལ་ཆད་མཛད་མཁན་བསླུ་མེད་ལགས་པར་ཡིད་ཆེས་པས། ན་སོ་རྒས་ཡོད་ཀྱང་མངལ་དང་ལྡན་པའི་ནུས་པ་བརྙེས་སོ། ༡༢ ལུས་རོ་འདྲ་བ་ཡོད་པའི་མི་གཅིག་ལས་ཆད་པ་ནི་གནམ་གྱི་སྐར་མ་དང་རྒྱ་མཚོའི་འགྲམ་གྱི་བྱེ་མ་ལྟར་གྲངས་མེད་དོ༎
༡༣ དེ་ཐམས་ཅད་ལ་གང་ཞལ་ཆད་མཛད་པ་དེ་མ་བརྙེས་ཀྱང་། རིང་པོ་ནས་མཇལ་ཞིང་ཕྱག་བྱས་ཏེ། རང་ས་གཞི་རུ་རྒྱལ་ཁམས་པ་དང་བྱེས་པ་ཡིན་པར་དཔང་པོ་བྱས་ནས་དད་པ་བྱེད་ཅིང་ཤིའོ། ༡༤ དེ་ལྟར་སྨྲ་བའི་མི་ཚོས་ཕ་ཡུལ་ཞིག་འཚོལ་གྱིན་ཡོད་པར་སྟོན་ནོ། ༡༥ ཡུལ་གང་ནས་འབྱུང་བ་དྲན་པ་ཡིན་ན། དེར་ལོག་པའི་སྐབས་ཡོད་པ་ཡིན། ༡༦ དེ་རྣམས་ཀྱིས་ནམ་མཁའི་ཡིན་པའི་ཡུལ་ལེགས་པ་ཞིག་འདོད་པ་ལ་བརྟེན་ནས། དཀོན་མཆོག་གིས་དེ་རྣམས་ཀྱི་ཕྱིར་གྲོང་ཁྱེར་ཞིག་བཤམས་པས། དེ་ཚོའི་དཀོན་མཆོག་ཅེས་ཞུ་ཡང་ཐུགས་མི་ཁྲེལ་ལོ༎
༡༧-༡༨ ཨབ་ར་ཧམ་གྱི་ཉམས་སད་པའི་ཚེ་ཁོས་དད་པའི་སྒོ་ནས་ཨི་སཱག་མཆོད་པར་འབུལ་གྲབས་བྱས་སོ། ཞལ་ཆད་ལ་ཡིད་ཆེས་པ་དེས་ཨི་སཱག་ནས་ཁྱོད་ཀྱི་བུ་བརྒྱུད་ཀྱི་མིང་ཐོགས་པར་འགྱུར་རོ་ཞེས་གསུངས་པའི་བུ་གཅིག་པོ་དེ་མཆོད་པར་འབུལ་བར་བརྩམས་སོ། ༡༩ དཀོན་མཆོག་གིས་གཤིན་པོ་ལས་ཀྱང་གསོན་པོར་སློང་ནུས་ཞེས་ཨབ་ར་ཧམ་གྱིས་སེམས་ཏེ། ཁོང་གིས་བསམ་པ་བཞིན་དུ་ལོག་ཀྱང་ཐོབ་པ་ཡིན་ཏེ་དཔེ་ཞིག་གོ། ༢༠ དད་པའི་སྒོ་ནས་ཨི་སཱག་གིས་མ་འོངས་པའི་དངོས་པོ་རྣམས་ལ་བལྟས་ཏེ་ཡ་ཀོབ་དང་ཨེ་སབ་གཉིས་ལ་བྱིན་གྱིས་རླབས་སོ། ༢༡ དད་པའི་སྒོ་ནས་ཡ་ཀོབ་ཀྱིས་འཆི་ཁར་ཡོ་སེབ་ཀྱི་བུ་རེ་རེ་ལ་བྱིན་གྱིས་རླབས་ཤིང་། འཁར་བའི་ཐོག་ལ་བརྟེན་ཏེ་ཕྱག་བཙལ་ཏོ། ༢༢ དད་པའི་སྒོ་ནས་ཡོ་སེབ་ཀྱིས་ཚེ་འདའ་བར་ཉེ་བ་དང་། ཨིས་ར་ཨེལ་པའི་ཐེགས་པའི་ཕྲོས་བྱས་ཏེ་རང་གི་སྤུར་རུས་ཀྱི་སྐོར་དུ་བསླབ་བྱ་བྱས་སོ༎
༢༣ དད་པའི་སྒོ་ནས་མོ་ཤེ་སྐྱེས་ནས་ཕ་མས་ཕྲུ་གུ་མཛེས་པ་ཞིག་ཡོད་པར་མཐོང་ནས། རྒྱལ་པོའི་བཀའ་ལ་མ་འཇིགས་པར། ཟླ་བ་གསུམ་གྱི་བར་དུ་སྦས་ནས་བཞག་གོ། ༢༤ དད་པའི་སྒོ་ནས་མོ་ཤེས་ན་ཚོད་ཆེར་ལོན་པ་དང་། མི་སེར་གྱི་རྒྱལ་པོའི་བུ་མོའི་བུ་ཟེར་བའི་མིང་སྤངས་ཏེ། ༢༥ སྡིག་པའི་ལོངས་སྤྱོད་མི་རྟག་པ་ལས། དཀོན་མཆོག་གི་མི་སྡེ་དང་མཉམ་སྡུག་བསྔལ་བཟོད་པར་ལྷག་པར་དགའ་སྟེ། ༢༦ བྱ་དགའི་ཉིན་མོ་ལ་རེ་བས། མི་སེར་ཡུལ་གྱི་གཏེར་རྣམས་ལས་མཱ་ཤི་ཀའི་ཆེད་དུ་སྨད་པ་མྱོང་བའི་ནོར་ཆེ་བར་བརྩིས་སོ། ༢༧ དད་པའི་སྒོ་ནས་མིག་གིས་མི་མཇལ་བ་དེ་མཇལ་བ་ལྟར་དུ་བརྟན་པོར་གནས་ཏེ། རྒྱལ་པོའི་ཁྲོ་བ་ལ་མ་འཇིགས་པར་མི་སེར་ཡུལ་སྤངས་སོ། ༢༨ དད་པའི་སྒོ་ནས་པེ་སག་སྲུང་ཞིང་གཤེད་མས་སྔོན་སྐྱེས་ཀྱི་བུ་རྣམས་ལ་མི་རེག་ཕྱིར་ཁྲག་བྱུགས་སོ། ༢༩ དད་པའི་སྒོ་ནས་ཨིས་ར་ཨེལ་པ་རྣམས་ས་སྐམ་ལ་འགྲོ་བ་ལྟར་རྒྱ་མཚོ་དམར་པོ་རྒལ་བ་དང་། མི་སེར་པས་ཀྱང་དེ་ལྟར་བརྒལ་བར་བརྩམས་པས་ཆུར་ནུབ་པར་གྱུར་ཏོ། ༣༠ དད་པའི་སྒོ་ནས་ཡེ་རི་ཀོའི་ལྕགས་རི་བདུན་སྐོར་བ་བསྐོར་བའི་རྗེས་སུ་བརྡིབས་སོ། ༣༡ དད་པའི་སྒོ་ནས་སྨད་འཚོང་མ་ར་ཧབ་ཀྱིས་ལྟ་ཉུལ་པ་རྣམས་འཁྲུག་པ་མི་ལྡང་ཕྱིར་ནང་དུ་བསུས་པས། བཀའ་ལ་མི་ཉན་པ་རྣམས་དང་མཉམ་དུ་མོ་མ་ཤིའོ༎
༣༢ ད་ཅི་སྨྲ། གིད་ཡོན་དང་། བ་རག་དང་། སམ་སོན་དང་། ཡེབ་ཐཱ་དང་། དཱ་བིད་དང་། ཤ་མུ་ཨེལ་དང་། ལུང་སྟོན་པ་རྣམས་ཀྱི་གཏམ་བྱེད་པའི་ལོང་མེད་དོ། ༣༣ དད་པའི་སྒོ་ནས་དེ་རྣམས་ཀྱིས་རྒྱལ་ཁམས་བཏུལ། དྲང་པོའི་བཤགས་བཙུགས། ཞལ་ཆད་བརྙེས། སེང་གེའི་ཁ་བཀག ༣༤ ཁྲོ་བའི་མེ་གསད། རལ་གྲིའི་ཁ་ལས་ཐར། སྟོབས་ཞན་པ་ལས་སྟོབས་ཅན་དུ་གྱུར། དམག་ནང་དཔའ་བོར་གྱུར། ཕ་རོལ་གྱི་དམག་དཔུང་འབྲོས་སུ་བཅུག ༣༥ བུད་མེད་རྣམས་ལ་རང་གི་གཤིན་པོ་འདས་ལོག་ཏུ་ཐོབ། ལ་ལས་ཕྱི་མར་བདེ་བའི་ཕྱིར། སྡུག་བསྔལ་ལས་ཐར་བར་མ་འདོད་པར་མནར་ཏོ། ༣༦ ལ་ལར་སྨད་པ་དང་། རྟ་ལྕག་གིས་རྡུང་བ་མ་ཟད། ལྕགས་སྒྲོག་དང་བཙོན་དུ་འཇུག་པའང་བྱུང་ངོ་། ༣༧ ལ་ལ་རྡོ་རུབ་ལ་བཏང་། ལ་ལ་སོག་ལེས་བཤགས། ལ་ལ་རལ་གྲིས་བསད། ལ་ལ་ར་ལུག་གི་པགས་པ་གོན་ནས་ཕན་ཚུན་རྒྱུ། ལ་ལ་དབུལ་ཕོངས་ཤིང་། སྡུག་བསྔལ་དང་འཚེ་བ་མྱོང་ཞིང་འཁོར་རོ། ༣༨ འཇིག་རྟེན་དེར་སྡོད་པའི་འོས་མིན་པས། འབྲོག་སྟོང་དང་རི་དང་། བྲག་ཕུག་དང་། ས་ཁུང་རྣམས་ནང་བསྡད་དོ༎
༣༩-༤༠ དཀོན་མཆོག་གིས་ང་ཚོའི་ཕྱིར་དེ་བས་ལེགས་པ་ཞིག་བཤམས་ཡོད་པས། ང་ཚོ་དང་ལྷན་ཅིག་ཏུ་དེ་རྣམས་ཕུན་སུམ་ཚོགས་པར་མཛད་པའི་ཕྱིར། དེ་རྣམས་ཀྱི་དད་པའི་སྒོ་ནས་བྱས་པའི་བྱ་བ་རྣམས་ལ་དགྱེས་པ་མངོན་སུམ་དུ་གྱུར་ཀྱང་ཞལ་ཆད་མཛད་པ་དེ་ད་དུང་མ་བརྙེས་སོ༎