༡༠
བཀའ་ཁྲིམས་ནང་འོང་བར་འགྱུར་བའི་བྱ་བ་བཟང་པོ་རྣམས་ཀྱི་གྲིབ་མ་ཞིག་ལས། བདེན་པ་རྣམས་ཀྱི་དབྱིབས་དངོས་མེད་པས། ལོ་ལྟར་མཆོད་པ་དེ་ཀ་རང་འབུལ་བའི་སྒོ་ནས་མཆོད་པ་འབུལ་མཁན་ཕུན་སུམ་ཚོགས་པར་བྱེད་མི་ནུས། ༢ དེ་ནུས་པ་ཡིན་ན་མཆོད་པ་འབུལ་མཁན་རྣམས་ལན་གཅིག་རང་ལ་གཙང་བར་གྱུར་ཏེ། སླར་ཤེས་བཟང་གིས་སྡིག་པའི་ནོངས་མི་ཤེས་པས། མཆོད་པའི་རྒྱུན་ནི་ཆད་དགོས་ཏེ། ༣ འོན་ཀྱང་ལོ་ལྟར་མཆོད་པ་དེས་སྡིག་པ་ལུས་ཡོད་པར་དྲན་སྐུལ་ལོ། ༤ གླང་དང་རའི་ཁྲག་གིས་སྡིག་པ་སེལ་མི་སྲིད་དོ༎༥ དེའི་ཕྱིར་མཱ་ཤི་ཀ་འཇིག་རྟེན་དུ་བྱོན་དུས་སུ་ཁོང་གིས་འདི་སྐད་དུ།
དམར་མཆོད་དང་ནི་འབུལ་བར་ཁྱེད་མི་མཉེས༎
འོན་ཀྱང་ངའི་ཕྱིར་ལུས་ཤིག་བཤམས་མཛད་དོ༎
༦ སྦྱིན་སྲེག་སྡིག་པའི་མཆོད་པར་ཁྱེད་མ་དགྱེས༎
༧ ངའི་སྐོར་ཤོག་སྒྲིལ་མདོ་ནང་བྲིས་པ་བཞིན༎
དཀོན་མཆོག་ཁྱེད་ཀྱི་ཐུགས་དགོངས་སྒྲུབ་པའི་ཕྱིར༎
གཟིགས་ཤིག་ང་ནི་འོང་ངོ་ཞེས་ཞུས་སོ༎
ཞེས་གསུངས་སོ། ༨ གོང་དུ་དམར་མཆོད་དང་འབུལ་བ་དང་སྦྱིན་སྲེག་དང་སྡིག་པའི་མཆོད་པ་དང་བཀའ་ཁྲིམས་ལྟར་འབུལ་བ་རྣམས་ལ་ཁྱེད་མི་འདོད་མི་དགྱེས་གསུངས་ཏེ། ༩ དེའི་རྗེས་སུ་ཁྱེད་ཀྱི་ཐུགས་དགོངས་སྒྲུབ་ཕྱིར་གཟིགས་ཤིག་ང་འོང་ངོ་ཞེས་གསུང་ཞིང་། རྗེས་མ་དེ་གཏན་ལ་འབེབས་པའི་ཕྱིར་སྔ་མ་དེ་མེད་པར་མཛད་དོ། ༡༠ ཐུགས་དགོངས་དེའི་སྒོ་ནས་ཡེ་ཤུ་མཱ་ཤི་ཀའི་སྐུ་ལུས་ཐེངས་གཅིག་ཏུ་མཆོད་པར་ཕུལ་བའི་སྟབས་ཀྱིས་ང་ཚོ་དམ་པར་གྱུར་པ་ཡིན།
༡༡ བླ་མ་ཐམས་ཅད་ཀྱིས་ཉིན་རེ་བཞིན་ལས་ཚན་ལ་སྒྲེང་ཞིང་། སྡིག་པ་ནམ་ཡང་སེལ་མི་ཐུབ་པའི་མཆོད་པ་དེ་ཀ་ཡང་ཡང་འབུལ་ལོ། ༡༢ འོན་ཀྱང་མཱ་ཤི་ཀས་གཏན་གྱི་ཕྱིར་སྡིག་པའི་དམར་མཆོད་གཅིག་ཕུལ་ནས་དཀོན་མཆོག་གི་ཕྱག་གཡས་སུ་བཞུགས་ཏེ། ༡༣ དགྲ་རྣམས་ཉིད་ཀྱི་ཞབས་སྟེགས་མ་བྱས་པའི་བར་སྒུག་པར་མཛད་དོ། ༡༤ དམ་པར་མཛད་པ་རྣམས་མཆོད་པ་གཅིག་གི་སྒོ་ནས་ཕུན་སུམ་ཚོགས་པར་མཛད། ༡༥ དམ་པའི་ཐུགས་ཉིད་ཀྱིས་ཀྱང་ང་ཚོ་ལ་འདི་ལྟར་དཔང་པོ་མཛད་ཅིང་།
༡༦ དེའི་རྗེས་དེ་ཚོར་བྱས་པ་ཡི༎
ཞལ་ཆད་འདི་ཡིན་གཙོ་བོས་གསུངས༎
དེ་ཚོའི་ཡིད་ནང་ངའི་བཀའ་ཁྲིམས༎
འཇུག་ཅིང་སྙིང་ནང་འབྲི་བར་བྱ༎
ཞེས་གསུངས་པའི་རྗེས་སུ།
༡༧ དེ་ཚོའི་ཉེས་པ་བཟོད་བྱ་ཞིང་༎
སྡིག་པའང་ཕྱིན་ཆད་མི་དྲན་ནོ༎
༡༩ སྤུན་རྣམས། ཡེ་ཤུའི་སྐུ་ཁྲག་གི་ཐབས་ཀྱིས་སྲོག་དང་ལྡན་པའི་ལམ་གསར་པ་ནས་གཙང་ཁང་དུ་འཇུག་པའི་སྤོབས་པ་ཡོད་དེ། ༢༠ ཉིད་ཀྱི་སྐུ་ལུས་ཡིན་པའི་ལམ་དེའི་སྒོ་ནས་ང་ཚོའི་ཡོལ་བ་དེ་ཕྱེ་བར་མཛད་དོ། ༢༡ དཀོན་མཆོག་གི་ཕོ་བྲང་སྐྱོང་བའི་བླ་ཆེན་ཡོད་པས། ༢༢ སེམས་དྲང་པོ་དང་ཡང་དག་པའི་དད་པ་དང་བཅས་མནོང་ཡོད་པའི་སྙིང་ལ་ཆབ་གཏོར་གྱིས་གཙང་སྟེ། ཆུ་གཙང་མས་ལུས་ཁྲུས་ནས་དཀོན་མཆོག་གི་དྲུང་དུ་འགྲོའོ། ༢༣ ཞལ་ཆད་མཛད་པ་ཁོང་ནི་བསླུ་མེད་ལགས་པས། ང་ཚོའི་རེ་བའི་ལྟ་བ་ལ་མི་འཁྱོར་བར་འཛིན་པར་རིགས་སོ། ༢༤ བྱམས་པ་དང་དགེ་བ་ལ་འབུངས་ཕྱིར་གཅིག་གིས་གཅིག་ལ་བསྐུལ་བར་བསམ་བློ་ཐོངས་ཤིག ༢༥ ང་ཚོ་ལྷན་ཅིག་ཏུ་ཚོགས་པ་དེ་ཁ་ཤས་ཀྱིས་སྤོང་བ་ལྟར་མི་སྤོང་བར། ཉིན་མོ་དེ་ཉེ་བར་འོང་བ་མཐོང་བཞིན་ལྷག་པར་ཕན་ཚུན་བསླབ་བྱ་བྱེད་པར་རིགས་སོ༎
༢༦ བདེན་པ་རྟོགས་པའི་རྗེས་སུ་ཤེས་བཞིན་བྱས་པའི་སྡིག་པ་ལ། ཡང་སྐྱར་སྡིག་པ་བཤགས་པའི་དམར་མཆོད་མེད་ཅིང་། ༢༧ ཞལ་ཆེ་འཇིགས་སུ་རུང་བ་ཞིག་དང་། དགྲ་རྣམས་སྲེག་པའི་མེ་དྲག་པོ་ཞིག་གི་ཉེན་ཡོད་དོ། ༢༨ མོ་ཤེའི་བཀའ་ཁྲིམས་ལས་འགལ་བ་ཞིག་ལ་མི་གཉིས་སམ་གསུམ་གྱི་དཔང་པོར་བརྟེན་ནས་སྙིང་རྗེ་མེད་པར་གསོད་དོ། ༢༩ དཀོན་མཆོག་གི་སྲས་ལ་རྡོག་རྫིས་བྱས་ཤིང་། རང་དམ་པར་འཛིན་པའི་ཞལ་ཆད་ཀྱི་སྐུ་ཁྲག་དེ་མི་གཙང་བ་བྱས་ནས། ཐུགས་རྗེའི་ཐུགས་ཉིད་ལ་ཁྱད་དུ་སད་པའི་མི་ལ་ཆད་པ་ཅི་ཙམ་ལྷག་པ་འཕོག་འོས་པར་བསམ་བློ་ཐོངས་ཤིག ༣༠ དགྲ་ལན་འཇལ་བ་ངའི་ལས་འགན་ཡིན་པས། ངས་ལན་འཇལ་ལོ་ཞེས་དང་གཙོ་བོས་ཉིད་ཀྱི་མི་སྡེ་ལ་ཞལ་ཆད་གཅོད་པར་འགྱུར་ཞེས་གསུངས་མཁན་ང་ཚོས་ཤེས་སོ། ༣༡ གསོན་པོ་ལགས་པའི་དཀོན་མཆོག་གི་ཕྱག་ཏུ་བསླེབ་པ་ནི་འཇིགས་སུ་རུང་བ་ཞིག་གོ།
༣༢ ཁྱེད་ཚོ་འོད་གསལ་དུ་གྱུར་པའི་རྗེས་སུ་སྡུག་བསྔལ་གྱིས་ཤིན་ཏུ་སེམས་འཁྲུགས་པ་བཟོད་པར་བྱས་པའི་དུས་དེ་དྲན་པར་གྱིས་ཤིག ༣༣ དེའི་ཚེ་ཁ་ཅིག་སྨད་པ་དང་འཚེ་བའི་ལྟད་མོར་གྱུར། ཁ་ཅིག་དེ་ལྟ་བུ་མྱང་བ་རྣམས་ཀྱི་མཉམ་འགྲོགས་སུ་གྱུར། ༣༤ ཁྱེད་ཚོས་བཙོན་པ་རྣམས་ལ་སྙིང་རྗེ་བྱས། ཡང་ལྷག་པར་བཟང་བ་དང་རྟག་པའི་ནོར་ཡོད་པ་ཤེས་ནས། ཁྱེད་ཚོའི་ནོར་རྫས་གཞན་གྱིས་འཕྲོག་པ་དེ་ཁྱོད་ཚོས་དགའ་བཞིན་ཐེག་གོ། ༣༥ དེའི་ཕྱིར་རྔན་པ་ཆེན་པོ་ཡོད་པའི་སྙིང་སྟོབས་དེ་མ་སྤོངས་ཤིག ༣༦ དཀོན་མཆོག་གི་དགོངས་པ་སྒྲུབ་པ་དང་། ཞལ་བཞེས་བརྙེད་པའི་ཕྱིར་སྙིང་རུས་དགོས་སོ༎
༣༧ འབྱོན་པར་འགྱུར་བ་མི་འགོར་བར༎
མི་རིང་མྱུར་དུ་འབྱོན་པར་འགྱུར༎
༣༨ དྲང་པོ་དད་པས་འཚོ་བར་འགྱུར༎
སྣུར་བ་དེ་ལ་ང་མི་དགའ༎