༩
ཞལ་ཆད་སྔ་མའི་ནང་ལའང་དཀོན་མཆོག་ལ་བསྙེན་བཀུར་བྱེད་པའི་ཚུལ་ཁྲིམས་དང་ལག་པས་བཞེངས་པའི་གཙང་ཁང་ཡོད་པ་ཡིན། ༢ གུར་མཆོག་ཅིག་བཟོས་ཏེ། གུར་ཕྱི་མའི་ནང་མཆོད་མེའི་སྟེགས་བུ་དང་། གསོལ་ལྕོག་དང་། ཞལ་ཟས་ཡོད་དེ། དེ་ལ་གནས་དམ་པ་ཟེར་རོ། ༣ ཡོལ་བ་གཉིས་པའི་རྒྱབ་ན་དམ་པའི་དམ་པ་བྱ་བའི་གུར་མཆོག་གི་ནང་ན། ༤ བདུག་སྤོས་བདུག་སའི་གསེར་གྱི་མཆོད་ཁྲི་དང་། གསེར་གྱིས་ཡོངས་སུ་བཀབ་པའི་ཞལ་ཆད་ཀྱི་སྒྲོམ་དེ་ཡོད་དེ། དེའི་ནང་ན་མན་ནཱ་ཡིས་གང་བའི་གསེར་གྱི་བུམ་པ་དང་། མྱུ་གུ་གཏོང་བའི་ཨ་རོན་གྱི་དབྱུག་པ་དང་། ཞལ་ཆད་ཀྱི་རྡོ་ལེབ་ཡོད་པ་ཡིན། ༥ སྒྲོམ་གྱི་སྟེང་ན་ཀེ་རུབ་ཅེས་པའི་དཔལ་ལྡན་གྱི་ཕོ་ཉ་དག་ཐུགས་རྗེའི་བཞུགས་ཁྲིའི་སྟེང་ལ་བསིལ་གྲིབ་བྱེད་ཅིང་ཡོད་དོ། ད་ལྟ་དེ་རྣམས་ཀྱི་སྐོར་དུ་ཞིབ་པར་སྨྲ་བའི་སྐབས་མིན།༦ དེ་རྣམས་དེ་ལྟར་བསྒྲིགས་ནས། ཕྱིའི་གུར་མཆོག་ནང་བླ་མ་རྣམས་རྒྱུན་དུ་འགྲོ་ཞིང་རིམ་འགྲོ་བྱེད་དོ། ༧ གཉིས་པ་དེའི་ནང་བླ་ཆེན་འབའ་ཞིག་ལོ་རེ་ནང་ཐེངས་གཅིག་འགྲོ་སྟེ། རང་དང་མི་སྡེའི་འགལ་སྐྱོན་གྱི་ཕྱིར་འབུལ་བའི་ཁྲག་མེད་པར་མི་འགྲོའོ། ༨ དེའི་སྒོ་ནས་གུར་མཆོག་དང་པོ་དེ་ཡོད་རིང་། གཙང་ཁང་གི་སྒོ་ཕྱེས་མེད་པ། ང་ཚོར་དམ་པའི་ཐུགས་ཉིད་ཀྱིས་སྟོན་ནོ། ༩ དེ་ནི་ད་ལྟའི་དུས་ཀྱི་དཔེ་ཡིན། གྲལ་དེ་བཞིན་དུ་མཆོད་འབུལ་དང་དམར་མཆོད་འབུལ་ཡང་། བསྙེན་བཀུར་བྱེད་པ་དེའི་ཤེས་བཟང་ཕུན་སུམ་ཚོགས་པ་བྱེད་མི་ཐུབ་བོ། ༡༠ དེ་ནི་ཉམས་ཆགས་གསོ་བའི་བར་བཙུགས་པའི་ལུས་ལ་བརྟེན་པའི་ཟ་བ་དང་འཐུང་བ་དང་ཁྲུས་སྣ་ཚོགས་ཀྱི་ཚུལ་ཁྲིམས་ལས་མིན་ནོ༎
༡༡ མཱ་ཤི་ཀ་ནི་འོང་བར་འགྱུར་བའི་བྱ་བ་བཟང་པོ་རྣམས་ཀྱི་བླ་ཆེན་ལྟར་ཕེབས་ནས་ལག་པས་མ་བཅོས་པ་འམ་འཇིག་རྟེན་འདི་ལ་མི་གཏོགས་པའི་གུར་མཆོག་ཆེ་ཞིང་ཕུལ་དུ་བྱུང་བའི་གུར་མཆོག་རྒྱུད་ནས། ༡༢ ར་མ་དང་གླང་བུའི་ཁྲག་མ་ཡིན་པར་རང་ཉིད་ཀྱི་སྐུ་ཁྲག་ཕུལ་ཞིང་གནས་དམ་པའི་ནང་ཐེངས་གཅིག་ཕེབས་ནས་གཏན་གྱི་ཐར་པ་བསྒྲུབས་སོ། ༡༣ ལུས་གཙང་བར་བྱེད་ཕྱིར་གྲིབ་ཅན་ལ་ར་དང་གླང་གི་ཁྲག་དང་། བའི་གོག་ཐལ་གཏོར་ནས་དག་པར་བྱེད་ན། ༡༤ མཱ་ཤི་ཀའི་སྐུ་ཁྲག་གིས་ཁྱེད་ཚོ་ལྷག་པར་དག་པར་མི་བྱེད་དམ། ཁོང་གིས་གདོད་མའི་ཐུགས་ཉིད་ཀྱི་ངང་ནས་དཀོན་མཆོག་ལ་རང་ཉིད་སྐྱོན་མེད་པའི་དམར་མཆོད་ལ་ཕུལ་བས། གསོན་པོའི་དཀོན་མཆོག་ལ་བསྙེན་བཀུར་ཕུལ་ཕྱིར་ཁོང་གི་སྐུ་ཁྲག་གིས་ཁྱེད་ཚོའི་ཤེས་བཟང་སྙིང་པོ་མེད་པའི་བྱ་བ་ལས་གཙང་བར་མཛད་དོ༎
༡༥ ཞལ་ཆད་དང་པོའི་སྒོ་ནས་ཡིན་པའི་སྡིག་པ་ལས་ཐར་བའི་ཕྱིར་ཁོང་གྲོངས་པས། བོས་པ་རྣམས་ལ་རྟག་པའི་ཞལ་ཆད་ཐོབ་པའི་ཕྱིར། ཁོང་ནི་ཞལ་ཆད་གསར་པ་ཞིག་གི་བར་མི་ལགས་སོ། ༡༦ ཁ་ཆེམས་ཞིག་ཡོད་ན། ཁ་ཆེམས་བཞག་མཁན་དེ་ཤི་ཟིན་པར་ཤེས་དགོས། ༡༧ ཁ་ཆེམས་འཇོག་མཁན་དེ་གསོན་པོར་ཡོད་རིང་ཁ་ཆེམས་ལ་མི་རྩི། ཤི་ཟིན་པ་དང་རྩིའོ། ༡༨ ཞལ་ཆད་དང་པོ་དེའང་ཁྲག་མེད་པར་མ་མཛད་པ་ཡིན། ༡༩ མོ་ཤེས་བཀའ་ཁྲིམས་ཀྱི་བཀའ་རེ་རེ་མི་སྡེ་ལ་བཤད་ཟིན་པ་དང་། ཆུ་དང་བལ་དམར་པོ་དང་ཨི་སོབ་དང་བཅས་གླང་བུ་དང་རའི་ཁྲག་བླངས་ཏེ། གླེགས་བམ་དེ་དང་མི་སྡེ་ལ་གཏོར་ནས། ༢༠ འདི་ནི་དཀོན་མཆོག་གིས་ཁྱེད་ཚོར་གནང་བའི་ཞལ་ཆད་ཀྱི་ཁྲག་དེ་ཡིན་སྨྲ་ཞིང་། ༢༡ དེ་དང་འདྲ་བར་གུར་མཆོག་དང་། མཆོད་རྫས་ཀྱི་ཡོ་བྱད་ཐམས་ཅད་ལའང་ཁྲག་གཏོར་ཏོ། ༢༢ བཀའ་ཁྲིམས་བཞིན་དུ་ཕལ་ཆེར་ཐམས་ཅད་ཁྲག་གིས་གཙང་བར་གྱུར་ཏེ། ཁྲག་མི་བླུག་པར་སྡིག་སེལ་མེད་དོ༎
༢༣ དེ་ལྟར་ནམ་མཁའི་དངོས་པོ་རྣམས་ཀྱི་འདྲ་དཔེ་ལ་དེ་བཞིན་དུ་གཙང་མ་བྱེད་དགོས་པས། ནམ་མཁའི་དངོས་པོ་དེ་རང་ལ་དེ་ལས་ལྷག་པའི་དམར་མཆོད་ཀྱིས་གཙང་བར་བྱེད་དགོས། ༢༤ མཱ་ཤི་ཀ་ནི་འདྲ་དཔེ་ཡིན་པའི་ལག་པས་བཟོས་པའི་གཙང་ཁང་ནང་མ་ཕེབས་པར། ང་ཚོའི་དོན་དུ་དཀོན་མཆོག་མཇལ་ཕྱིར་ནམ་མཁའ་དེ་ཉིད་དུ་ཕེབས་སོ། ༢༥ བླ་ཆེན་ལོ་རེ་བཞིན་རང་གི་ཁྲག་མིན་པ་འཁྱེར་ནས་གཙང་ཁང་ནང་འགྲོ་བ་ལྟར་རང་ཉིད་ཡང་ཡང་དམར་མཆོད་དུ་འབུལ་བར་མི་མཛད་དོ། ༢༦ དེ་མིན་འཇིག་རྟེན་བཀོད་པ་ནས་ཚུན་ཁོང་གིས་ཡང་ཡང་སྡུག་བསྔལ་མྱོང་དགོས་པ་ཡིན། དེའི་ཚབ་ཏུ་རང་ཉིད་མཆོད་པར་ཕུལ་ནས་སྡིག་པ་སེལ་བའི་དོན་དུ། དུས་ཀྱི་མཐའ་མར་ཐེངས་གཅིག་ཏུ་མངོན་པ་ཡིན་ནོ། ༢༧ མི་རྣམས་ལན་གཅིག་འཆི་བར་དགོས་པ་དང་ཞལ་ཆེ་གཅོད་པར་འགྱུར་བ་ལྟར། ༢༨ མཱ་ཤི་ཀའང་མང་པོའི་སྡིག་པ་བཞེས་པའི་ཕྱིར་ལན་གཅིག་མཆོད་པར་གྱུར་ཏེ། ལན་གཉིས་པ་དེར་སྡིག་པའི་ཕྱིར་མ་ཡིན་པར། ཁོང་ལ་སྒུག་མཁན་རྣམས་སྐྱབ་ཕྱིར་མངོན་ནོ༎