༨
ང་ཚོས་སྨྲ་དོན་སྙིང་པོ་འདི་ཡིན། ནམ་མཁར་བླ་མེད་གང་གི་བཞུགས་ཁྲིའི་གཡས་སུ་བཞུགས་ཤིང་། ༢ མིས་མ་བཞེངས་པར་གཙོ་བོས་བཞེངས་པའི་གཙང་ཁང་དང་གུར་མཆོག་དངོས་མའི་ཞབས་ཏོག་མཛད་པའི་བླ་ཆེན་འདི་འདྲ་བ་ཞིག་ང་ཚོར་ཡོད། ༣ བླ་ཆེན་ཐམས་ཅད་མཆོད་འབུལ་དང་དམར་མཆོད་འབུལ་བའི་ཕྱིར་བསྐོ་བས། ཁོང་གིས་ཀྱང་ཇི་ཞིག་འབུལ་དགོས་སོ། ༤ བཀའ་ཁྲིམས་བཞིན་དུ་མཆོད་པ་འབུལ་མཁན་གཞན་ཡོད་པས། ཁོང་ནམ་མཁར་མ་འཕགས་པ་ཡིན་ན། ཅི་ནས་ཀྱང་བླ་མར་མ་འགྱུར་པ་ཡིན། ༥ དེ་རྣམས་ཀྱིས་ནི་ནམ་མཁའི་གཙང་ཁང་གི་འདྲ་དཔེ་དང་གྲིབ་མ་འདྲ་བར་ཞབས་ཏོག་བྱེད་དོ། མོ་ཤེས་གུར་མཆོག་བཟོ་བར་རྩམས་པའི་ཚེ། ཁྱོད་ལ་རིའི་ཁར་བསྟན་པའི་མ་དཔེ་བཞིན་དུ་ཐམས་ཅད་བྱོས་ཤིག་ཅེས་བཀའ་སྩལ་བྱུང་།༦ མཱ་ཤི་ཀ་ནི་ཞལ་བཞེས་དྲག་པ་རྣམས་ཀྱི་ཁར་བཙུགས་པའི་ལྷག་པའི་ཞལ་ཆད་ཞིག་གི་བར་མིར་འགྱུར་པས། དེ་ལས་ལྷག་པའི་ཞབས་ཏོག་གི་ལས་ཚན་ཐོབ་པ་ཡིན། ༧ ཞལ་ཆད་དང་པོའི་ནང་སྐྱོན་མེད་ན། གཉིས་པ་ཞིག་གི་དགོས་པ་མེད། ༨ དེ་ནང་སྐྱོན་གཟིགས་པས་འདི་ལྟར་གསུངས་སོ༎
ཨིས་ར་ཨེལ་དང་ཡུ་དཱ་ཡི༎
མི་བརྒྱུད་གཉིས་པོ་དང་མཉམ་དུ༎
ཞལ་ཆད་གསར་པ་བྱེད་པའི་དུས༎
བསླེབ་པར་འགྱུར་ཞེས་གཙོ་བོས་གསུངས༎
༩ ངས་ནི་དེ་ཚོའི་ཕ་མ་རྣམས༎
མི་སེར་ཡུལ་ནས་འདོན་པའི་ཚེ༎
ལག་ནས་དྲངས་ཏེ་མཛད་པ་ཡི༎
ཞལ་ཆད་དེ་འདྲ་ཡོད་མི་འགྱུར༎
དེ་རྣམས་ང་ཡི་ཞལ་ཆད་ནང་༎
མ་གནས་ང་ཡིས་དེ་རྣམས་ལ༎
ཐུགས་རྗེས་མ་གཟིགས་གཙོ་བོས་གསུངས༎
༡༠ ཨིས་ར་ཨེལ་གྱི་མི་བརྒྱུད་མཉམ༎
རྗེས་སུ་བྱ་རྒྱུའི་ཞལ་ཆད་ནི༎
འདི་ལྟར་ཡིན་ཞེས་གཙོ་བོས་གསུངས༎
དེ་ཚོའི་ཡིད་ནང་ངའི་བཀའ་ཁྲིམས༎
འཇུག་ཅིང་སྙིང་ནང་འབྲི་བར་བྱ༎
དེ་ཚོའི་དཀོན་མཆོག་ང་འགྱུར་ཞིང་༎
དེ་དག་ང་ཡི་མི་སྡེར་འགྱུར༎
༡༡-༡༢ དེ་ཚོའི་ཉེས་པ་བཟོད་བྱ་ཞིང་༎
སྡིག་པའང་ཕྱིན་ཆད་མི་དྲན་པས༎
ཆེ་ཆུང་ཡོངས་ཀྱིས་ང་ཤེས་པས༎
གཙོ་བོ་ཤེས་ཤིག་ཅེས་ཟེར་ཞིང་༎
སུས་ཀྱང་སྤུན་ནམ་ཁྱིམ་མཚེས་ལ༎
བསླབ་དགོས་མི་ཡོང་གཙོ་བོས་གསུངས༎
༡༣ ཞལ་ཆད་གསར་པ་ཞེས་གསུངས་ཙ་ན་སྔ་མ་དེ་རྙིང་པར་རྩི་བར་མཛད་དོ། རྙིང་ཞིང་རྒས་པ་དེ་འཇིག་པ་ལ་ཐུག་གོ།