༧
བླ་ན་མེད་པའི་དཀོན་མཆོག་གི་བླ་མ། ཤ་ལེམ་གྱི་རྒྱལ་པོ་མལ་ཀི་ཚེ་དེག་གིས། ཨབ་ར་ཧམ་གྱིས་རྒྱལ་པོ་རྣམས་བཏུལ་ནས་ལོག་འགྲོ་བའི་སྐབས་སུ་ཕྲད་ནས་བྱིན་གྱིས་བརླབས་སོ། ༢ ཁོང་ལ་ཨབ་ར་ཧམ་གྱིས་དངོས་པོ་ཐམས་ཅད་ཀྱི་བཅུ་ཁག་ཕུལ་ཏོ། དང་པོར་ཁོང་གི་མཚན་ལ་མལ་ཀི་ཚེ་དེག་སྟེ་བོད་སྐད་དུ་དྲང་བ་ཉིད་ཀྱི་རྒྱལ་པོ་དང་། དེ་ནས་ཤ་ལེམ་གྱི་རྒྱལ་པོ་སྟེ་བོད་སྐད་དུ་ཞི་བདེའི་རྒྱལ་པོ་ལགས་པ། ༣ ཕ་མེད། མ་མེད། གདུང་བརྒྱུད་མེད་པ། སྐུ་ཚེའི་ཐོག་མཐའ་མེད་པ། དཀོན་མཆོག་གི་སྲས་དང་འདྲ་བར་གཏན་གྱི་བླ་མར་བཞུགས་སོ༎༤ མེས་པོ་ཨབ་ར་ཧམ་གྱིས་བཅོམ་ནོར་གྱི་བཅུ་ཁག་ཕུལ་བའི་སྐྱེས་བུ་ཇི་ལྟར་ཆེན་པོ་ཡིན་པར་ལྟོས་ཤིག ༥ བླ་མའི་ལས་ཚན་ཐོབ་པའི་ལེ་ཝིའི་བུ་བརྒྱུད་ལ་བཀའ་ཁྲིམས་བཞིན་དུ་ཨབ་ར་ཧམ་ལས་བྱུང་བའི་རང་གི་སྤུན་ཡིན་པའི་མི་བརྒྱུད་ལས་བཅུ་ཁག་ལེན་པའི་བཀའ་ཡོད་ཀྱང་། ༦ སྐྱེས་བུ་འདི་དེ་རྣམས་ཀྱི་བརྒྱུད་ལས་མིན་རུང་། ཨབ་ར་ཧམ་ལས་བཅུ་ཁག་བླངས་ནས། ཞལ་ཆད་ཡོད་མཁན་ལ་བྱིན་གྱིས་རླབས་སོ། ༧ ཆེན་པོས་ཆུང་ངུ་ལ་བྱིན་རླབས་གཏོང་བ་ལ་རྩོད་རྒྱུ་མེད། ༨ ད་ལྟ་མི་རྟག་པའི་མིས་བཅུ་ཁག་ལེན་གྱི། དེའི་ཚེ་རྟག་པ་ཡིན་པར་ངེས་པ་ཞིག་གིས་ལེན་ཏོ། ༩-༡༠ མལ་ཀི་ཚེ་དེག་་ཨབ་ར་ཧམ་དང་ཕྲད་སྐབས་སུ་ལེ་ཝི་ད་དུང་ཕའི་རུས་ཀྱི་ནང་ན་མ་སྐྱེས་པར་ཡོད་པས། བཅུ་ཁག་ལེན་པའི་ལེ་ཝིས་ཀྱང་ཨབ་ར་ཧམ་རྒྱུད་ནས་བཅུ་ཁག་ཕུལ་བ་ཡིན་ཞེས་ཟེར་ཐུབ་བོ༎
༡༡ བཀའ་ཁྲིམས་ནི་ལེ་ཝིའི་བླ་བརྒྱུད་ཀྱི་རིང་ལ་བྱུང་། ལེ་ཝིའི་བླ་རྒྱུད་ཀྱི་ཐབས་ཀྱིས་ཕུན་སུམ་ཚོགས་པ་ཐོབ་སྲིད་ན། ཨ་རོན་གྱི་རིམ་པར་མི་རྩི་བར། མལ་ཀི་ཚེ་དེག་གི་རིམ་པའི་བླ་མ་གཞན་ཞིག་ཅི་ལ་དགོས། ༡༢ བླ་བརྒྱུད་སྤོས་པས་བཀའ་ཁྲིམས་ཀྱང་སྤོ་དགོས་བྱུང་། ༡༣ གང་གི་སྐོར་དུ་སྨྲས་པ་འདི་ནི་མཆོད་ཁྲིའི་ཞབས་ཏོག་མ་བྱས་པའི་སྡེ་གཞན་ཞིག་ལ་གཏོགས་སོ། ༡༤ ཅིའི་ཕྱིར་ཞེ་ན། ང་ཚོའི་གཙོ་བོ་ཡུ་དཱའི་བརྒྱུད་ནས་འཁྲུངས་པ་གསལ་ཞིང་། སྡེ་དེ་ལ་བལྟས་ནས་བླ་མའི་སྐོར་མོ་ཤེས་ཅིའང་མ་གསུངས་སོ། ༡༥-༡༦ འཇིག་པའི་ཆོས་ཅན་གྱི་ཁྲིམས་བཞིན་མ་ཡིན་པར། མི་འཇིག་པའི་སྲོག་གི་མཐུ་སྟོབས་དང་བསྟུན་ཏེ། མལ་ཀི་ཚེ་དེག་དང་འདྲ་བའི་བླ་མ་གཞན་ཞིག་འཐོན་ན། ང་ཚོས་བཤད་པ་ལྷག་པར་གསལ་དུ་འགྲོའོ། ༡༧ ཁོང་གི་སྐོར་དུ། མལ་ཀི་ཚེ་དེག་གི་རིམ་པར། ཁྱེད་ནི་གཏན་གྱི་བླ་མ་ཡིན། ཞེས་དཔང་པོ་མཛད་པ་ཡིན། ༡༨ བཀའ་ཁྲིམས་ཀྱིས་ཅིའང་ཕུན་སུམ་ཚོགས་པ་མ་བྱས། སྔོན་གྱི་བཀའ་རྒྱ་དེ་ཕན་ནུས་མེད་པ་ཡིན་པའི་རྐྱེན་གྱིས་བོར་ནས། ༡༩ དེ་བས་ལྷག་པའི་རེ་བ་ཞིག་ལེན་ནས། དེ་ལ་བརྟེན་ནས་ང་ཚོ་དཀོན་མཆོག་དང་ཉེ་བར་བསླེབ་བོ༎
༢༠ ཁོང་ནི་དབུ་མནའ་བཞེས་ཤིང་བསྐོས་པ་ཡིན། ༢༡ སྔོན་དུ་བླ་མར་གྱུར་པ་རྣམས་དབུ་མནའ་མེད་པར་བྱུང་། འོན་ཀྱང་ཁོང་ལ་གཙོ་བོས་དབུ་མནའ་བཞེས་ཤིང་། ཁྱེད་ནི་གཏན་གྱི་བླ་མ་ཡིན། ཞེས་གསུང་གཙོ་བོས་དབུ་མནའ་བཞེས། ཉིད་ཀྱི་ཐུགས་དགོངས་མི་འགྱུར་རོ། ཞེས་གསུངས་པས། ༢༢ ཡེ་ཤུ་ཞལ་ཆད་ལྷག་པ་ཞིག་གི་གཏའ་མར་གྱུར་པ་ཡིན། ༢༣ དེ་དུས་ཀྱི་བླ་མ་རྣམས་ཀྱི་ལས་ཚན་ལ་འཆི་བས་བར་དུ་བཅད་པས་ན་མང་པོ་ཡོད་དགོས་སོ། ༢༤ ཁོང་ནི་རྒྱུན་དུ་བཞུགས་པས་གཏན་གྱི་བླ་མ་ཡིན་ནོ། ༢༥ དེའི་རྐྱེན་གྱིས་ཁོང་རྒྱུད་ནས་དཀོན་མཆོག་དང་ཉེ་བར་ཕྱིན་པ་རྣམས་ཀྱི་ཕྱིར་དུ་ཞུ་སྣ་མཛད་ཅིང་རྒྱུན་དུ་བཞུགས་པས། དེ་རྣམས་ཡོངས་སུ་སྐྱོབ་ནུས་སོ༎
༢༦ ང་ཚོར་འདི་ལྟ་བུའི་བླ་ཆེན་དམ་པ། སྐྱོན་དང་བྲལ་བ། རྨེ་བ་མེད་པ། སྡིག་ཅན་ལས་སོ་སོར་ལགས་པ། ནམ་མཁའ་ལས་ཀྱང་འཕགས་པ་ཞིག་ཡོད་པར་རིགས་སོ། ༢༧ ཁོང་ལ་བླ་ཆེན་གཞན་རྣམས་དང་འདྲ་བར་དང་པོར་རང་དང་དེ་ནས་མི་སྡེའི་སྡིག་པའི་ཕྱིར་དུ་ཉིན་རེ་བཞིན་དམར་མཆོད་འབུལ་དགོས་མེད་དོ། ཁོང་གིས་རང་ཉིད་དམར་མཆོད་དུ་ཕུལ་བས་ཐེངས་གཅིག་ཏུ་དེ་བསྒྲུབས་སོ། ༢༨ བཀའ་ཁྲིམས་ཀྱིས་ནི་ཤེད་མེད་ཀྱི་རང་བཞིན་ཡིན་པའི་མི་བླ་ཆེན་དུ་བསྐོའོ། བཀའ་ཁྲིམས་ཀྱི་རྗེས་སུ་བྱུང་བའི་དབུ་མནའ་དང་བཅས་པའི་བཀས་དུས་གཏན་གྱི་ཕྱིར་ཕུན་སུམ་ཚོགས་པའི་སྲས་སྐོ་བར་མཛད་དོ༎