༡-༢ དེ་བས་ན་མཱ་ཤི་ཀའི་བསྟན་པའི་ཐོག་མའི་རིམ་པ་དང་། སྙིང་པོ་མེད་པའི་བྱ་བ་ལས་སེམས་སྒྱུར་བ་དང་། དཀོན་མཆོག་ལ་དད་པ་དང་། ཁྲུས་གཏོང་བ་དང་། ཕྱག་དབང་དང་། གཤིན་པོ་གསོན་པོར་ལང་བ་དང་། མཐའ་ཡས་པའི་ཞལ་ཆེའི་སྐོར་སྐྱར་ནས་རྨང་མི་འདིང་བར་བཞག་ནས། ཕུལ་དུ་ཕྱིན་པའི་ཕྱོགས་སུ་སྙེགས་པར་རིགས་སོ།  དཀོན་མཆོག་མཉེས་ན་དེ་ལྟར་བྱའོ།  གང་གི་སྙིང་ནང་ལན་གཅིག་འོད་ཤར་ནས། ནམ་མཁའི་གནང་སྦྱིན་གྱི་བྲོ་བ་མྱངས་ཏེ། དམ་པའི་ཐུགས་ཉིད་འགྲོགས་པར་གྱུར་ནས།  དཀོན་མཆོག་གི་བཀའ་བཟང་པོ་དང་ཕྱི་མའི་དུས་ཀྱི་སྟོབས་ཀྱིས་བྲོ་བ་མྱངས་ཚར་ནས།  ལྟ་བ་ལོག་པར་འགྱུར་ན། ཡང་སྐྱར་སེམས་སྒྱུར་བར་མི་སྲིད་དོ། ཅི་ལ་མི་སྲིད་ཟེར་ན། དེ་རྣམས་ཀྱིས་རང་གི་ཕྱོགས་ནས་དཀོན་མཆོག་གི་སྲས་ཡང་སྐྱར་རྒྱང་ཤིང་ལ་རྐྱོང་ཞིང་སྨད་པ་གཏོང་ངོ་།  ཡང་ཡང་ཆར་ཆུ་འཐུངས་པའི་ས་གཞིས། འབད་མཁན་རྣམས་ཀྱི་དོན་དུ་སྔོ་ཚོད་སྐྱེད་ན། དཀོན་མཆོག་ལས་བྱིན་རླབས་ཐོབ་བོ།  གལ་ཏེ་ཚེར་མ་དང་ལྗང་ཚེར་སྐྱེད་ན། ཕན་མེད་དང་དམོད་པར་ཐུག་ཅིང་། དེའི་མཐའ་མ་ནི་སྲེག་པའོ།  གཅེས་པ་རྣམས། ང་ཚོས་དེ་བཞིན་སྨྲ་ཡང་། ཁྱེད་ཅག་ལ་ཐར་པ་དང་འབྲེལ་བའི་བྱ་བ་བཟང་པོ་ཐོབ་ཡོད་པ་ལ་ང་ཚོ་ཡིད་ཆེས་སོ། ༡༠ ཁྱེད་ཚོས་མཱ་ཤི་ཀ་པ་རྣམས་ལ་ཞབས་ཏོག་བྱས་པ་དང་བྱེད་བཞིན་པའི་སྒོ་ནས། ཁོང་གི་མཚན་གྱི་ཕྱིར་ལས་དང་བྱམས་པ་བསྟན་པ་དེ་མི་གཟིགས་པའི་དྲང་པོ་མི་མཛད་པའི་དཀོན་མཆོག་མིན། ༡༡ ཁྱེད་ཚོ་རེ་རེས་བློ་ཁ་རྫོགས་པའི་རེ་བ་མཐོང་བའི་ཕྱིར་དུས་མཐའ་མའི་བར་དུ་བརྩོན་འགྲུས་དེ་ཀ་བྱེད་པར་ང་ཚོས་འདོད་དོ། ༡༢ ལེ་ལོ་མི་བྱེད་པར་དད་པ་དང་བཟོད་པའི་སྒོ་ནས་ཞལ་བཞེས་ནོར་སྐལ་དུ་ཐོབ་མཁན་རྣམས་ཀྱི་ལད་མོ་བྱོས་ཤིག
༡༣ དཀོན་མཆོག་གིས་ཨབ་ར་ཧམ་ལ་ཞལ་ཆད་མཛད་པའི་སྐབས་སུ། ཉིད་ལས་ཆེ་བ་ཞིག་མེད་པས་ཉིད་ཀྱི་དབུ་མནའ་བཞེས་ཏེ་འདི་སྐད་དུ། ༡༤ ངས་བདེན་པར་ཁྱོད་ལ་བྱིན་གྱིས་རློབ་ཅིང་ཁྱོད་ཀྱི་བུ་བརྒྱུད་སྤེལ་བར་བྱའོ་གསུངས་སོ། ༡༥ ཨབ་ར་ཧམ་གྱིས་བཟོད་པ་སྒོམ་ཞིང་སྒུགས་པས་ཞལ་ཆད་བཞིན་དུ་བརྙེས་སོ། ༡༦ མི་རྣམས་ཀྱིས་རང་ལས་ཆེ་བ་ཞིག་གི་མནའ་སྐྱེལ་ཞིང་། མནས་རྩོད་པ་ཐམས་ཅད་ཀྱི་ཐག་གཅོད་དོ། ༡༧ ཉིད་ཀྱི་དགོངས་པ་འགྱུར་མེད་ལགས་པ་ཞལ་བཞེས་ཀྱི་བརྒྱུད་འཛིན་རྣམས་ལ་དེ་ལྟར་ངེས་པར་མཛད་པར་དགོངས་ནས་དབུ་མནའ་བཞེས་སོ། ༡༨-༡༩ དཀོན་མཆོག་གིས་རྫུན་གསུང་མི་སྲིད་པས། ང་ཚོ་སྐྱབས་སུ་སོང་བ་རྣམས་ཀྱི་རེ་བ་ལག་ཏུ་ལོན་པའི་བློ་གདེངས་ཆེན་པོ་རེ་བ་དེ་ནི་སེམས་ཀྱི་གཏིང་རྡོ་ངེས་ཤིང་བརྟན་པོ་དང་། ཡོལ་བའི་རྒྱབ་ཀྱི་ནང་རྟེན་དུ་སླེབ་པའི་རེ་བ་ཡིན་ནོ། ༢༠ ཡེ་ཤུ་ནི་མལ་ཀི་ཚེ་དེག་གི་རིམ་པར་གཏན་གྱི་བླ་ཆེན་གྱུར་ནས་ང་ཚོའི་དོན་དུ་གནས་དེར་སྔོན་འགྲོ་བ་ལྟར་གཤེགས་སོ༎