༥
མིའི་ནང་ནས་བླ་ཆེན་བསྐོ་བ་ནི། མི་རྣམས་ཀྱི་ཆེད་དུ་དཀོན་མཆོག་ལ་མཆོད་པ་དང་སྡིག་བཤགས་ཀྱི་དམར་མཆོད་ཕུལ་ཕྱིར་ཡིན། ༢ ཁོ་རང་ཡང་སྟོབས་ཞན་པས། མི་ཤེས་པ་དང་འཁྱར་བ་རྣམས་ལ་ཞི་བའི་སྒོ་ནས་མཉམ་འབྲེལ་ཐུབ་ཅིང་། ༣ མི་སྡེའི་ཆེད་དུ་མ་ཟད་རང་གི་སྡིག་པའི་ཆེད་དུའང་དམར་མཆོད་འབུལ་དགོས་སོ། ༤ མི་དེ་རང་གིས་གོ་ས་འདི་མི་ལེན་པར་ཨ་རོན་ལྟར་དཀོན་མཆོག་གིས་བསྐོའོ༎༥ དེ་བཞིན་དུ་མཱ་ཤི་ཀས་བླ་ཆེན་གྱི་གོ་ས་ཁོང་རང་གིས་མ་བཞེས་ཀྱིས། ཁྱོད་ནི་ང་ཡི་སྲས་ཡིན་ཅིང་། དེ་རིང་ང་ལ་འཁྲུངས་པ་ཡིན། ཞེས་དང་། གཞན་ཞིག་ཏུ། ༦ མལ་ཀི་ཚེ་དེག་གི་རིམ་པར། ཁྱེད་ནི་གཏན་གྱི་བླ་མ་ཡིན། ཞེས་མདོ་ན་གསུངས་པ་ཁོང་གིས་བསྐོས་པ་ཡིན། ༧ ཁོང་མིའི་ལུས་ནང་བཞུགས་པའི་ཚེ། དྲག་པོར་ཤུམ་ཞིང་སྤྱན་ཆབ་དང་བཅས། འཆི་བ་ལས་སྐྱོབས་ཐུབ་པ་ཁོང་ལ་སྨོན་ལམ་དང་གསོལ་བ་བཏབ་པས། དཀོན་མཆོག་ལ་བག་མཛད་པའི་རྐྱེན་གྱིས་ཁོང་ལ་གསན་པ་ཡིན་ནོ། ༨ ཁོང་ནི་སྲས་ཡིན་བཞིན་དུ་སྡུག་བསྔལ་བའི་སྒོ་ནས་བཀའི་འབངས་མཛད་པ་བསླབས་ནས། ༩ ཕུལ་དུ་ཕྱིན་ཏེ་ཉིད་ཀྱི་བཀའ་ལ་ཉན་པ་ཐམས་ཅད་ཀྱི་ཕྱིར་གཏན་གྱི་ཐར་པའི་རྒྱུར་གྱུར་ནས། ༡༠ དཀོན་མཆོག་གིས་ཁོང་ལ་མལ་ཀི་ཚེ་དེག་གི་རིམ་པར་བླ་ཆེན་གྱི་གོ་ས་གནང་བ་ཡིན་ནོ༎
༡༡ དེའི་སྐོར་དུ་བཤད་རྒྱུ་མང་པོ་ཡོད་ཀྱང་། ཁྱེད་ཚོ་རྣ་བ་ལྕི་བས། དོན་འགྲེལ་བར་དཀའོ། ༡༢ ཡུན་འདི་ཙམ་གྱིས་ཁྱེད་ཚོ་སློབ་དཔོན་ཡིན་དགོས་ཀྱང་། ད་དུང་དཀོན་མཆོག་གི་བཀའི་ཐོག་མའི་རྩ་བ་གཞན་གྱིས་སྐྱར་ནས་སྟོན་དགོས་པ་འདུག ཁྱེད་ཚོར་ཁ་ཟས་མི་འཇུའི་འོ་མ་དགོས་སོ། ༡༣ འོ་མ་འཐུང་མཁན་ནི་བྱིས་པ་ཡིན་པས་དྲང་བ་ཉིད་ཀྱི་བསྟན་པ་མི་རྟོགས་སོ། ༡༤ ཁ་ཟས་ནི་བཟང་ངན་གྱི་དབྱེ་བ་འབྱེད་པ་ལ་སེམས་ཀྱི་ཉམས་ལེན་རྙེད་པའི་ནར་སོན་པ་རྣམས་ཀྱི་ཕྱིར་ཡིན་ནོ༎