དེའི་ཕྱིར་ཁོང་གི་བདེ་བའི་ནང་འཇུག་པའི་ཞལ་ཆད་རང་མལ་དུ་ཡོད་པས། ཁྱེད་ཚོ་ལས་སུའང་དེར་འཇུག་མི་ནུས་སྙམ་པ་ཙམ་ལའང་ཟོན་བྱོས་ཤིག  ང་ཚོ་ལའང་ཡ་ཧུ་དཱ་པ་རྣམས་དང་འདྲ་བར་ཕྲིན་བཟང་བསླེབས་པ་ཡིན། འོན་ཀྱང་དེ་རྣམས་ཀྱིས་དད་པའི་སྒོ་ནས་མ་བླངས་པས། ཐོས་པའི་བཀའ་དེས་དེ་རྣམས་ལ་མ་ཕན་ཏོ།  འཇིག་རྟེན་བཀོད་པ་ནས་ཕྲིན་ལས་རྣམས་རྫོགས་རུང་། དེ་རྣམས་ནམ་ཡང་ང་ཡི་བདེ་བ་ལ། མི་འཇུག་ཟེར་ཞིང་ཁྲོས་ནས་ངས་མནའ་བསྐྱལ། ཞེས་གསུངས་པས། ང་ཚོ་དད་པ་བྱས་པ་རྣམས་བདེ་བ་དེའི་ནང་འཇུག་གོ།  ཞག་བདུན་པའི་སྐོར་མདོ་ཞིག་ན། དཀོན་མཆོག་གིས་ཕྲིན་ལས་ཐམས་ཅད་བསྒྲུབས་ནས་ཞག་བདུན་པ་ལ་དལ་ཞིང་བདེ་བར་བཞུགས་སོ། ཞེས་དང་།  ད་ལྟ་འདིར། དེ་རྣམས་ནམ་ཡང་ང་ཡི་བདེ་བ་ལ་མི་འཇུག་ཅེས་གསུངས།  སྔར་ཕྲིན་བཟང་ཐོས་པ་རྣམས་བཀའ་ལ་མ་ཉན་པས་ནང་དུ་མ་ཆུད། ཁ་ཅིག་ནང་དུ་འཇུག་རྒྱུ་ཡིན་པས།  སླར་ཡང་ཁོང་གིས་ཉིན་གཅིག་དུས་རེ་ཞིག་མཛད་ཅིང་། དེ་རིང་ཁྱོད་ཚོས་ང་ཡི་གསུང་། ཐོས་ན་སྙིང་གྱོང་མ་བྱེད་ཅིག ཅེས་གསུངས་ཤིང་། ཡུན་རིང་ཞིག་ན་དཱ་བིད་རྒྱུད་ནས་དེ་རིང་ཞེས་གསུངས་སོ།  ཡོ་ཤུ་ཨས་དེ་རྣམས་ལ་བདེ་བ་སྟེར་བ་ཡིན་ན། དཀོན་མཆོག་གིས་རྗེས་སུ་ཞག་གཞན་གྱི་སྐོར་མི་གསུང་།  དེའི་ཕྱིར་དཀོན་མཆོག་གི་མི་སྡེ་ལ་ཤབ་བཱད་ཀྱི་ངལ་གསོ་ཞིག་བཞག་ཡོད། ༡༠ དཀོན་མཆོག་ཉིད་ཀྱི་ཕྲིན་ལས་བསྒྲུབས་ནས་དལ་བར་བཞུགས་པ་ལྟར། ཁོང་གི་བདེ་བའི་ནང་འཇུག་པ་རྣམས་ལ་ངལ་རྩོལ་ལས་དལ་བར་འགྱུར་རོ། ༡༡ དེ་ལྟ་བུའི་བཀའ་ལ་མ་ཉན་པའི་སྒོ་ནས་མི་ལྟུང་བའི་ཕྱིར། བདེ་བ་དེའི་ནང་འཇུག་པར་བརྩོན་འགྲུས་བྱའོ༎
༡༢ དཀོན་མཆོག་གི་བཀའ་སྲོག་དང་ནུས་པ་ལྡན་ཞིང་། རལ་གྲི་ཁ་གཉིས་ལས་རྣོ་བས། ཡིད་དང་སེམས། ཚིགས་དང་རྐང་མར་ཕྲལ་ཞིང་རྟོལ་ཏེ། སྙིང་གི་བསམ་པ་དང་འདོད་པ་རྣམས་མཁྱེན་ནོ། ༡༣ ཁོང་གི་སྤྱན་སྔར་བཀོད་པ་ཅིའང་སྦས་མེད། ཁོང་ལ་རག་ལས་པ་ང་ཚོ་ཁོང་གི་སྤྱན་སྔར་མ་བཀབ་པར་མངོན་པར་གསལ་ལོ༎
༡༤ ང་ཚོར་ནམ་མཁའ་རྟོལ་ནས་གཤེགས་པའི་བླ་ཆེན་མཆོག་ལགས་པ་དཀོན་མཆོག་གི་སྲས་ཡེ་ཤུ་ཡོད་པས། ང་ཚོའི་ལྟ་བ་ལ་བརྟན་པོར་འཛིན་དགོས། ༡༥ ང་ཚོའི་ཉམས་ཐག་ལ་སྡུག་གྲོགས་མཛད་མི་ནུས་པའི་བླ་ཆེན་མ་ལགས་ཀྱི། ཅི་ས་ནས་ང་ཚོ་དང་འདྲ་བར་ཉམས་སད་བྱུང་ཡང་སྡིག་མེད་ལགས་པ་ཞིག་གོ། ༡༦ དེས་ན་དགོས་པའི་དུས་སུ་སྐྱབས་དང་སྙིང་རྗེ་ཐོབ་པའི་ཕྱིར་ཐུགས་རྗེའི་བཞུགས་ཁྲིའི་དྲུང་དུ་བློ་གདེང་དང་ལྡན་པར་འགྲོ་བར་བྱའོ༎