ནམ་མཁའ་ནས་མཉམ་དུ་བོས་པའི་སྤུན་དམ་པ་རྣམས། ང་ཚོའི་ལྟ་བའི་སྐུ་ཚབ་དང་བླ་ཆེན་ཡེ་ཤུ་ལ་སོམ་ཞིག  དཀོན་མཆོག་གི་ཕོ་བྲང་ནང་མོ་ཤེ་བློ་དྲང་བ་ཡོད་པ་ལྟར། ཁོང་ཡང་ཉིད་བསྐོས་པར་མཛད་མཁན་ལ་ཐུགས་དྲང་བ་ལགས་སོ།  འོན་ཀྱང་ཁང་པ་ལས་དེ་བརྩིག་མཁན་ལ་ལྷག་པར་བཀུར་བསྟི་བྱེད་འོས་པ་ལྟར། མོ་ཤེ་ལས་ཁོང་ལྷག་པར་དཔལ་དང་ལྡན་པར་བརྩི་བར་དགོངས་པ་ཡིན།  ཁང་པ་རེ་རེ་ལ་བརྩིག་མཁན་ཡོད། དངོས་པོ་ཀུན་གྱི་བརྩིག་མཁན་ནི་དཀོན་མཆོག་ལགས་སོ།  ཕྱིས་སུ་གསུང་བར་འགྱུར་བ་ལ་དཔང་པོ་བྱེད་པའི་ཕྱིར་མོ་ཤེ་དཀོན་མཆོག་གི་ཕོ་བྲང་ནང་གཡོག་པོའི་ཚུལ་དུ་བློ་དྲང་བ་ཡོད་པ་ཡིན།  འོན་ཀྱང་མཱ་ཤི་ཀ་ནི་ཁོང་གི་ཕོ་བྲང་ནང་སྲས་ལྟར་བདག་པོའོ། བློ་གདེང་དང་རེ་བ་དེ་ངོམ་ཞིང་བརྟན་པོར་གནས་ན་ང་ཚོ་ནི་ཕོ་བྲང་དེ་ཡིན།  དེའི་ཕྱིར་དམ་པའི་ཐུགས་ཉིད་ཀྱིས་འདི་ལྟར་གསུངས་སོ། དེ་རིང་ཁྱེད་ཚོས་ངའི་གསུང་ཐོས་འགྱུར་ན།
 ཉམས་སད་བྱུང་བའི་ཉིན་མོར་འབྲོག་སྟོང་དུ༎
ཁྲོས་པ་ལྟར་གྱི་སྙིང་གྱོང་མ་བྱེད་ཅིག།
 དེ་རུ་ཁྱོད་ཀྱི་མེས་པོས་ཉམས་སད་ཅིང་༎
ལོ་ངོ་བཞི་བཅུ་ང་ཡི་ཕྲིན་ལས་མཐོང་༎
༡༠ དེའི་ཕྱིར་མི་བརྒྱུད་དེ་ལ་ང་མི་དགའ༎
དེ་ཚོའི་སྙིང་ནི་རྟག་ཏུ་འཁྱོར་འགྲོ་ཞིང་༎
ངའི་ལམ་དེ་ཚོས་མ་ཤེས་ཟེར་ཞིང་ངས༎
༡༡ དེ་རྣམས་ནམ་ཡང་ང་ཡི་བདེ་བ་ལ༎
མི་འཇུག་ཟེར་ཞིང་ཁྲོས་ནས་མནའ་བསྐྱལ་ཏོ༎
༡༢ སྤུན་རྣམས། གསོན་པོའི་དཀོན་མཆོག་ལས་མི་འཁྱར་བའི་ཕྱིར། ཁྱེད་ཚོའི་ནང་ན་སུ་ལའང་དད་མེད་ཀྱི་སྙིང་ངན་པ་མེད་པའི་ཕྱིར་བྱ་ར་བྱོས་ཤིག ༡༣ དེར་མ་ཟད་སུ་ལའང་སྡིག་པས་བསླུས་ནས་གྱོང་པོ་མི་འགྱུར་བའི་ཕྱིར། དེ་རིང་ཟེར་བའི་ཉིན་མོ་མ་རྫོགས་བར་དུ། ཉིན་རེ་བཞིན་གཅིག་གིས་གཅིག་ལ་སྐུལ་མ་ཐོངས་ཤིག ༡༤ གལ་ཏེ་ཐོག་མའི་བློ་གདེང་དེ་མཐའ་མའི་བར་དུ་བརྟན་པར་སྲུང་ན། ང་ཚོ་མཱ་ཤི་ཀའི་མཉམ་གྲོགས་སུ་འགྱུར་རོ། ༡༥ དེ་རིང་ཁྱོད་ཀྱིས་ངའི་གསུང་ཐོས་གྱུར་ན། ཁྲོས་པ་ལྟར་གྱི་སྙིང་གྱོང་མ་བྱེད་ཅིག གསུངས་པ་དེའི་ནང་དུ། ༡༦ ཐོས་བཞིན་དུ་ཁྲོས་པ་རྣམས་སུ་ཡིན། མོ་ཤེའི་འགོ་འཁྲིད་ཀྱི་འོག་ཏུ་མི་སེར་ཡུལ་ནས་ཐོན་པ་རྣམས་མིན་ནམ། ༡༧ ལོ་བཞི་བཅུའི་བར་དུ་ཐུགས་སད་མཁན་སུ་ཡིན། སྡིག་པ་བྱས་ནས་རང་གི་རོ་འབྲོག་སྟོང་དུ་ལྷུང་བ་རྣམས་མ་ཡིན་ནམ། ༡༨ ང་ཡི་བཀའ་ལ་མི་ཉན་པ་རྣམས་ལ་མིན་པར་ང་ཡི་བདེ་བར་ནམ་ཡང་མི་འཇུག་ཅེས་སུའི་ཕྱིར་དབུ་མནའ་བཞེས། ༡༩ དད་མེད་ཀྱི་རྐྱེན་གྱིས་དེ་རྣམས་དེར་འཇུག་མ་ཐུབ་པར་གསལ་ལོ༎