༡༡
ངའི་འཆོལ་གཏམ་ཨེན་ཙམ་ལ་ཁྱེད་ཆོས་བཟོད་པ་བཞེས་ན་ཅི་མ་རུང་། འོ་ན་བཟོད་པ་བཞེས་ཤིག ༢ ཁྱེད་ཚོའི་ཕྱིར་དུ་ང་ལ་དཀོན་མཆོག་གི་ལུགས་སུ་ཕྲག་དོག་སྐྱེའོ། ཁྱེད་ཚོ་ན་ཆུང་གཙང་མ་ལྟར་གནས་པའི་ཕྱིར་ངས་མཱ་ཤི་ཀ་ཡིན་པའི་ཁྱོ་བོ་གཅིག་ལ་བག་མར་བཏང་བ་ཡིན། ༣ བདུད་ཀྱིས་གཡོ་ཐབས་ཀྱིས་ཧ་ཝཱར་བསླུས་པ་ལྟར། ཁྱེད་ཚོ་མཱ་ཤི་ཀ་ལ་གཞུང་རིང་བ་དང་། ཆགས་སེམས་རྣམ་དག་ལས་བློ་ལྡོག་གིས་དོགས་སོ། ༤ སུ་ཞིག་འོངས་ནས་ང་ཚོས་མ་བཤད་པའི་ཡེ་ཤུ་གཞན་ཞིག་འཆད་ན། སྔར་མ་ཐོབ་ཅིང་མ་བླངས་པའི་ཐུགས་ཉིད་དམ་ཕྲིན་བཟང་གཞན་ཞིག་ཐོབ་ཅིང་བླང་ན། ཁྱེད་ཚོ་དགའ་ཞིང་དེའི་དབང་དུ་འགྲོའོ། ༥ སྐུ་ཚབ་རྩ་བ་ཆེ་བ་རྣམས་ལས་ང་ཅི་ས་ནས་རྩ་བ་ཆུང་བ་མིན་སེམས་སོ། ༦ ང་ངག་དབང་དང་མི་ལྡན་ཀྱང་། རྟོགས་པ་དང་ལྡན་པས། ཅི་ས་ནས་ཁྱེད་ཚོར་རྣམ་པ་ཀུན་ཏུ་དེ་གསལ་བར་བྱས་པ་ཡིན།༧ ཁྱེད་ཚོ་ཡར་འདེགས་པའི་དོན་དུ་ང་རང་མར་ཕབ་ནས། ཡོན་མེད་པར་དཀོན་མཆོག་གི་ཕྲིན་བཟང་བཤད་པ་ཡིན་པས་ངས་སྡིག་པ་བྱས་སམ། ༨ ཁྱེད་ཚོར་ཞབས་ཏོག་བྱེད་དུ་ཆོས་ཚོགས་གཞན་པ་ལས་མཐུན་རྐྱེན་བླངས་ནས་དེ་ཚོ་ཕྲོགས་པ་ཡིན། ༩ ང་ཁྱེད་ཚོའི་རྩར་ཡོད་དུས་ངའི་དགོས་པ་རྣམས། མ་ཀེ་དོན་ནས་འོངས་པའི་སྤུན་རྣམས་ཀྱིས་བསྐང་བས། ཁྱེད་ཚོ་སུ་ལའང་དཀའ་ཚེགས་མ་བཏང་བ་ཡིན། དེ་ལྟར་ཁྱེད་ཚོར་ཅིས་ནས་དཀའ་ཚེགས་བཏོང་བ་ལས་ཟོན་བྱས་དང་བྱེད་པར་འགྱུར། ༡༠ ངའི་ནང་ཡོད་པའི་མཱ་ཤི་ཀའི་བདེན་པ་དཔང་དུ་བཙུགས་ནས། ཨ་ཁ་ཡཱའི་ཡུལ་ལྗོངས་སུ། ངས་ངོམ་བཟོ་སྟོན་པའི་ཁ་སུས་ཀྱང་འགེགས་པར་མི་འགྱུར། ༡༡ ངས་ཁྱེད་ཚོར་མི་གཅེས་པས་ཡིན་ནམ། ངས་གཅེས་པ་བྱེད་པ་ནི་དཀོན་མཆོག་གིས་མཁྱེན་ནོ༎
༡༢ ང་ཚོ་ལྟར་ངོམ་བཟོ་སྟོན་ཕྱིར་གླགས་འཚོལ་མཁན་རྣམས་ལ་གླགས་མི་བརྙེད་པའི་ཕྱིར། ངས་ཅི་བྱེད་པ་ད་དུང་ཡང་བྱའོ། ༡༣ དེ་ལྟ་བུའི་སྐུ་ཚབ་རྣམས་ནི་རྫུན་མའི་སྐུ་ཚབ་དང་། གཡོ་སྒྱུ་ཅན་གྱི་ལས་བྱེད་པ་ཡིན་ཏེ། མཱ་ཤི་ཀའི་སྐུ་ཚབ་ཏུ་རྫུའོ། ༡༤ བདུད་ཀྱང་འོད་ཀྱི་ཕོ་ཉར་རྫུ་བས་ངོ་མཚར་མི་ཆེའོ། ༡༥ དེའི་ཕྱིར་དེའི་གཡོག་པོ་རྣམས་ཀྱང་དྲང་བ་ཉིད་ཀྱི་གཡོག་པོར་རྫུན་ཧ་ལས་གང་ཡང་མ་ཡིན་ཅིང་། དེ་རྣམས་རང་གི་ལས་དང་བསྟུན་ཏེ་མཐར་འཆི་བར་འགྱུར་རོ༎
༡༦ མི་སུས་ཀྱང་ང་གླེན་པ་ཡིན་མ་སེམས་ཤིག་ཞེས་ངས་ཡང་སྐྱར་ཟེར་རོ། གལ་ཏེ་བསམ་ན་བསམ་ཀྱང་ཆོག ངས་ཅུང་ཟད་ཅིག་ངོམ་བཟོ་སྟོན་པར་བྱ། ༡༧ ངས་ཅི་ཟེར་བ་འདི་གཙོ་བོའི་གནང་བའི་སྒོ་ནས་མི་ཟེར་གྱི། གླེན་པ་ལྟར་ངོམ་བཟོ་བྱེད་པའི་བློ་གདེང་གིས་ཟེར། ༡༨ མི་མང་པོས་རང་ངོམ་པས། ངས་ཀྱང་ངོམ་མོ། ༡༩ ཁྱེད་ཚོ་མཁས་པ་ཡིན་པས་གླེན་པ་ལ་བཟོད་པར་དགའོ། ༢༠ སུ་ཞིག་གིས་ཁྱེད་ཚོར་བྲན་དུ་འཁོལ་བའམ། ནོར་ཟ་བའམ། འཛིན་པའམ། རང་མཐོང་སྐྱེད་པའམ། འགྲམ་ལྕག་རྒྱབ་པར་བྱེད་ན་ཁྱེད་བཟོད་དོ། ༢༡ ང་ཚོ་སྟོབས་ཞན་ཅིང་དེ་ལྟར་མ་བྱས་པས་ངོ་ཚའོ། ངའི་གླེན་གཏམ་ནི། གཞན་གྱིས་ངོམ་པར་སྤོབས་པ་དེ། ངས་ཀྱང་ངོམ་པར་སྤོབས་སོ། ༢༢ དེ་རྣམས་ཨིབ་རི་པ་ཡིན་ནམ། ངའང་ཡིན། ཨིས་ར་ཨེལ་པ་ཡིན་ནམ། ངའང་ཡིན། ཨབ་ར་ཧམ་གྱི་བུ་བརྒྱུད་ཡིན་ནམ། ངའང་ཡིན། ༢༣ མཱ་ཤི་ཀའི་ཞབས་ཕྱི་ཡིན་ནམ། ང་ལྷག་པར་ཡིན། ཞེས་ངས་སྨྱོན་པ་ལྟར་ཟེར་རོ། ངས་ལྷག་པར་དཀའ་ལས་ཆེན་པོ་དང་། བཙོན་དུ་ལན་མང་དང་། བརྡུང་ཕོག་གྲངས་མེད་དང་། ལན་མང་འཆི་བ་ལ་ཐུག་པ་བྱས། ༢༤ ཡ་ཧུ་དཱ་པས་རྟ་ལྕག་གཅིག་གིས་མ་ཚང་བར་བཞི་བཅུ་ལན་ལྔ་བརྒྱབས། ༢༥ དབྱུག་པས་ལན་གསུམ་བརྡུངས། རྡོ་རུབ་ལ་ལན་གཅིག་བཏང་། ལན་གསུམ་གྲུ་གཟིངས་བཞིག ཉིན་མཚན་གཉིས་རྒྱ་མཚོའི་དཀྱིལ་དུ་ལུས། ༢༦ ལན་མང་པོ་འགྲུལ་གྱི་སྐབས་སུ་ལམ་ལ་ཆུའི་འཇིགས་པ་དང་། ཇག་པའི་འཇིགས་པ་དང་། རང་མིའི་འཇིགས་པ་དང་། གཞན་མིའི་འཇིགས་པ་དང་། གྲོང་ཁྱེར་གྱི་འཇིགས་པ་དང་། འབྲོག་སྟོང་གི་འཇིགས་པ་དང་། རྒྱ་མཚོའི་འཇིགས་པ་དང་། སྤུན་རྫུན་མ་རྣམས་ཀྱི་འཇིགས་པ་དང་། ༢༧ འབད་རྩོལ་དང་དཀའ་ལས་དང་། གཉིད་མེད་པ་ལན་མང་པོ་དང་། ལྟོགས་རིད་དང་སྐོམ་རིད་དང་། ལན་མང་ཟ་རྒྱུ་ཅིའང་མེད་པ་དང་། གྲང་མོ་དང་གཅེར་བུའི་སྡུག་བསྔལ་མྱང་བ་ཡིན། ༢༨ དེར་མ་ཟད་ཆོས་ཚོགས་ཐམས་ཅད་ཀྱི་སེམས་ཁྲལ་གྱིས་ཉིན་རེ་བཞིན་ང་ནོན་ནོ། ༢༩ ཁྱེད་གཅིག་རྒུད་ན་ངའང་མི་རྒུད་དམ། ཁྱེད་གཅིག་འགྱེལ་ན་ང་མི་སྐྱོ་འམ། ༣༠ ངས་ངོམ་དགོས་ན་ངའི་སྟོབས་ཞན་པར་སྟོན་པ་དེ་ངོམ་མོ། ༣༡ ངས་རྫུན་མི་ཟེར་བ་ནི། རྟག་ཏུ་བསྟོད་འོས་པའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཡབ་དཀོན་མཆོག་གིས་མཁྱེན་ནོ། ༣༢ ད་མཱ་སེག་ཏུ་རྒྱལ་པོ་ཨ་རེ་ཏཱའི་བློན་པོས་ང་འཛིན་པའི་ཕྱིར། ད་མཱ་སེག་གི་གྲོང་ཁྱེར་བསྲུངས་ཀྱང་། ༣༣ ང་ཙེ་པོའི་ནང་ལྕགས་རིའི་དཀར་ཁུང་ཞིག་ནས་མར་ཕབ་ནས། དེའི་ལག་པ་ལས་ཐར་ཏོ༎