༡༢
ཕན་ཐོགས་མེད་ཀྱང་ངོམ་དགོས་བྱུང་། གཙོ་བོའི་ཞལ་གཟིགས་དང་མངོན་དུ་བྱུང་བ་རྣམས་འཆད་དོ།  ལོ་བཅུ་བཞིའི་སྔོན་དུ་ངས་ཤེས་པའི་མཱ་ཤི་ཀ་པ་ཞིག་ནམ་མཁའ་གསུམ་པའི་བར་དུ་ཡར་དྲངས་སོ། ཁོ་ལུས་དང་བཅས་པར་དྲངས་སམ་ལུས་མེད་པར་དྲངས་པ་ངས་མི་ཤེས་ཏེ། དཀོན་མཆོག་གིས་མཁྱེན་ནོ། ༣-༤ མི་དེ་བདེ་ཅན་ཞིང་དུ་དྲངས་ནས་བརྗོད་དུ་མེད་པ་དང་སྨྲ་མི་ཆོག་པའི་གསུང་ཐོས་པས་ངས་ཤེས་སོ། ལུས་དང་བཅས་པར་དྲངས་སམ་ལུས་མེད་པར་དྲངས་ངས་མི་ཤེས་ཏེ། དཀོན་མཆོག་གིས་མཁྱེན་ནོ།  མི་དེའི་ཆེད་དུ་ངོམ་ཡང་ང་རང་གི་ཆེད་དུ་ངའི་སྟོབས་ཞན་པ་མ་གཏོགས་མི་ངོམ།  གལ་ཏེ་ངོམ་པར་འདོད་ནའང་ངས་བདེན་པར་སྨྲ་བས་གླེན་པར་མི་འཛིན། འོན་ཀྱང་ཁྱེད་ཚོས་ང་ཇི་ལྟར་མཐོང་བ་དང་ཐོས་པ་ལས་ལྷག་པར་མི་རྩི་བའི་ཕྱིར་ངོམ་པ་སྤོང་ངོ་།  མངོན་པར་འགྱུར་བ་མང་བའི་རྐྱེན་གྱིས་ང་རྒྱལ་མི་སྐྱེད་ཕྱིར། ང་ལ་རྡེག་པའི་བདུད་ཀྱི་བང་ཆེན་འདྲ་བའི། ཚེར་མ་ཞིག་ངའི་ལུས་ཀྱི་ནང་དུ་སྦྱིན་ནོ།  དེ་ལས་འབྲལ་བའི་ཕྱིར་ངས་ལན་གསུམ་གཙོ་བོ་ལ་ཞུས་ཀྱང་ཁོང་གིས་ང་ལ།  སྟོབས་མེད་ལ་ངའི་མཐུ་སྟོབས་རྒྱས་པས། ཁྱོད་ལ་ངའི་ཐུགས་རྗེ་ཡོད་པས་ཆོག་ཅེས་གསུངས་བྱུང་། ང་ལ་མཱ་ཤི་ཀའི་མཐུ་སྟོབས་གནས་པའི་ཕྱིར། ངའི་སྟོབས་མེད་རྣམས་དགའ་བཞིན་དུ་ལྷག་པར་ངོམ་མོ། ༡༠ ང་མཱ་ཤི་ཀའི་ཕྱིར་དུ་སྟོབས་མེད་པ་དང་། བརྙས་པ་དང་། དཀའ་ལས་དང་། འཚེ་བ་དང་། རྐྱེན་ངན་རྣམས་ལ་ཆོག་ཤེས་ཡོད་དོ། ཅི་ཕྱིར་ཞེ་ན། ང་སྟོབས་ཞན་པའི་ཚེ་སྟོབས་དང་ལྡན་ནོ༎
༡༡ ང་གླེན་པར་གྱུར། ཁྱེད་ཚོས་མི་གྱུར་ཀ་མེད་བྱས། ཅིའི་ཕྱིར་ཞེ་ན། ཁྱེད་ཚོས་ང་བསྟོད་དགོས་པ་ཡིན་ཏེ། ང་ཅིའང་མིན་ཀྱང་། སྐུ་ཚབ་རྩ་བ་ཆེ་བ་དེ་རྣམས་ལས་ང་ཅི་ས་ནས་རྩ་བ་ཆུང་བ་མིན་ནོ། ༡༢ ལྟས་དང་ངོ་མཚར་དང་མཐུ་ཡིས་བཟོད་པ་ཆེན་པོས་སྐུ་ཚབ་དངོས་མའི་རྟགས་ཁྱེད་ཚོའི་དཀྱིལ་དུ་བསྟན་པ་ཡིན། ༡༣ ཁྱེད་ཚོར་དཀའ་ཚེགས་མ་བཏང་བ་དེ་མ་གཏོགས་པར། ཆོས་ཚོགས་གཞན་ལས་སྣང་ཆུང་མ་བྱས། འགལ་བ་དེ་བཟོད་པར་གསོལ།
༡༤ ང་ཁྱེད་ཚོའི་རྩར་འོང་རེས་འདིས་ལན་གསུམ་པ་ཡིན། དའང་ཁྱེད་ཚོར་དཀའ་ཚེགས་མི་གཏང་། ཕྲུ་གུས་ཕ་མའི་དོན་དུ་ནོར་སོག་མི་དགོས་ཤིང་། ཕ་མས་ཕྲུ་གུའི་དོན་དུ་སོག་དགོས་པས། ང་ལ་ཁྱེད་ཚོའི་ནོར་མི་དགོས་ཁྱེད་ཚོ་དགོས་སོ། ༡༥ ཁྱེད་ཚོའི་ཐར་པའི་ཕྱིར་ནོར་མ་ཟད་ང་རང་ཡང་སྦྱིན་པར་ཤིན་ཏུ་དགའོ། ང་ཁྱེད་ཚོར་ཇི་ཙམ་མང་དུ་བྱམས་ན། ཁྱེད་ཚོས་ང་ལ་དེ་ཙམ་ཉུང་དུ་བྱམས་སམ། ༡༦ ང་རང་གིས་དཀའ་ཚེགས་མ་བཏང་ཡང་། ང་གཡོ་ཁྲམ་ཆེ་བས་ཁྱེད་ཚོ་གཡོ་སྒྱུས་འཛིན་ཏོ་ཞེས་མི་ལ་ལས་ཟེར་རོ། ༡༧ ངས་བཏང་བའི་མི་སུ་ཞིག་རྒྱུད་ནས་ཁྱེད་ཚོ་ལས་ཁེ་བླངས་སམ། ༡༨ ངས་ཏི་ཏུ་ལ་སྨྲས་ནས་སྤུན་དེ་དང་མཉམ་དུ་བཏང་བ་ཡིན། ཏི་ཏུས་ཁྱེད་ཚོ་ལས་ཁེ་བླངས་སམ། ང་གཉིས་ཐུགས་ཉིད་གཅིག་གིས་མ་བཀོལ་ཏམ། ཞབས་རྗེས་གཅིག་ནས་མ་འབྲངས་སམ།
༡༩ ད་བར་དུ་ང་ཚོས་ཁྱེད་ལ་བཤགས་པ་ཞུའོ་སེམས་སམ། ང་ཚོས་དཀོན་མཆོག་གི་སྤྱན་སྔར་མཱ་ཤི་ཀ་པ་བཞིན་སྨྲས་ཏེ། དེ་ཐམས་ཅད་གཅེས་པ་ཁྱེད་རྣམས་ཡར་སྐྱེད་པའི་ཕྱིར་ཡིན། ༢༠ ང་བསླེབ་དུས་སུ་ངས་འདོད་པ་བཞིན་ཁྱེད་ཚོ་མེད་པ་དང་། ཁྱེད་ཚོའི་འདོད་པ་བཞིན་ང་མེད་པར་མཐོང་གིས་དོགས་སོ། ཁྱེད་ཚོའི་ནང་ན་འཛིང་བ་དང་། ཕྲག་དོག་དང་། ཁོང་ཁྲོ་དང་། རང་འདོད་དང་། སྨད་པ་དང་། ངག་ཀྱལ་དང་། ང་རྒྱལ་དང་། འགྲིག་ལམ་མེད་པ་ཡོད་ལས་ཆེ། ༢༡ སླར་ང་བསླེབ་དུས་སུ་དཀོན་མཆོག་གིས་ཁྱེད་ཚོའི་མདུན་དུ་ངའི་ང་རྒྱལ་གཅོག་པ་དང་། སྔར་སྡིག་པ་བྱས་ནས། མི་གཙང་བ་དང་། ལོག་གཡེམ་དང་། འདོད་ཆགས་ལ་འགྱོད་ཚངས་མ་བྱས་པ་མང་པོའི་དོན་དུ་མྱ་ངན་བྱེད་དགོས་ཀྱིས་དོགས་སོ༎