༡༠
ཁྱེད་ཚོའི་མདུན་དུ་ཡོད་ཙ་ན་སྙེམས་ཆུང་དང་། མེད་དུས་སུ་སྤོབས་པ་ཅན་ཡིན་པའི་པའུ་ལུ་ངས། མཱ་ཤི་ཀའི་ཐུགས་དུལ་བ་དང་འཇམ་པོའི་ངང་ནས་སྐུལ་མ་འདེབས་སོ། ༢ ང་ཚོས་འཇིག་རྟེན་གྱི་ལུགས་སུ་སྤྱོད་དོ་ཞེས་དོགས་པ་བྱེད་པ་རེ་ལ་སྤོབས་པས་རྗོད་པར་སེམས་པ་ལྟར། ང་དེར་འོང་དུས་སུ་ཁྱེད་ཚོ་ལའང་རྩོད་མ་ཆུག་ཅེས་ཞུ་བ་འབུལ་ལོ། ༣ འཇིག་རྟེན་ན་གནས་ཀྱང་འཇིག་རྟེན་པ་ལྟར་མི་འཐབ་སྟེ། ༤ ང་ཚོས་འཐབ་པའི་མཚོན་ཆ་ནི་འཇིག་རྟེན་པའི་མཚོན་ཆ་མ་ཡིན་པར། རྫོང་རྣམས་ཀྱང་རློག་ཐུབ་པའི་དཀོན་མཆོག་གི་མཐུ་སྟོབས་དང་ལྡན་པའོ། ༥ རྩོད་པ་ངན་པ་དང་། དཀོན་མཆོག་རྟོགས་ཐུབ་པ་ལ་གནོད་པའི་རྒོལ་བ་ཐམས་ཅད་འཇོམ་ཞིང་། བསམ་པ་ཐམས་ཅད་མཱ་ཤི་ཀའི་བཀའ་ལ་ཉན་པའི་དབང་དུ་བསྡུས་ནས། ༦ ཁྱེད་བཀའ་ལ་ཉན་ཟིན་པ་དང་བཀའ་ལ་མ་ཉན་པ་རྣམས་ལ་ཆད་པ་གཅོད་ཕྱིར་ང་ཚོ་གྲལ་འགྲིག་ཡོད།༧ ཁྱེད་ཚོས་མིག་གི་མདུན་དུ་ཡོད་པ་ལ་ལྟོས་ཤིག ཁོ་རང་མཱ་ཤི་ཀའི་ཡིན་པར་ཡིད་ཆེས་པ་དེས། ཁོ་རང་མཱ་ཤི་ཀའི་ཡིན་པ་ལྟར་ང་ཚོའང་ཡིན་པར་དྲན་དགོས། ༨ ཁྱེད་ཚོ་མི་ཤིག་པར་བརྩིག་པའི་ཕྱིར་གཙོ་བོས་ང་ཚོར་གནང་བའི་དབང་ཅུང་ཟད་ངོམ་དྲགས་ན་ང་ངོ་མི་ཚའོ། ༩ ངས་ཡི་གེའི་སྒོ་ནས་ཁྱེད་ཚོ་འཇིགས་འཇུག་མཁན་འདྲ་བར་མཐོང་བར་མི་འདོད་དོ། ༡༠ ལ་ལས་ངའི་ཡི་གེ་དྲག་པོ་དང་ཤུགས་ལྡན་ཡིན་ཀྱང་། ང་རང་དངོས་སུ་ནི་ཤེད་མེད་པ་དང་གཏམ་ལ་ཤུགས་མེད་ཡིན་ཞེས་ཟེར་རོ། ༡༡ དེ་ལྟར་ཟེར་བ་རྣམས་ཀྱིས་འདིའང་ཤེས་དགོས་ཏེ། ང་ཚོ་དེར་མེད་དུས་སུ་ཡི་གེའི་སྒོ་ནས་གང་ཟེར་བ་ལྟར། དེར་ཡོད་དུས་སུ་བྱེད་མཁན་ཡང་ཡིན། ༡༢ རང་བསྟོད་བྱེད་པའི་མི་རྣམས་ཀྱི་གྲས་སུ་རྩི་བའམ་སྡུར་བ་ང་ཚོས་མི་སྤོབས། དེ་རྣམས་ཀྱིས་རང་ལ་ཚོང་བྱེད་པ་དང་རང་ལ་སྡུར་བ་ནི་བླུན་ནོ། ༡༣ ང་ཚོས་ནི་ཚད་ལས་འདས་པར་མི་ངོམ་ཞིང་། ཁྱེད་ཚོ་བར་ཐུག་བསླེབ་པའི། དཀོན་མཆོག་གིས་ང་ཚོ་ལ་གནང་བའི་རྒྱ་ཁྱོན་གྱི་ཚད་ལ་གནས་སོ། ༡༤ ང་ཚོ་མཱ་ཤི་ཀའི་ཕྲིན་བཟང་འཁྱེར་ནས་ཁྱེད་ཚོའི་རྩར་བསླེབས་པ་དང་པོ་ཡིན་པས། དེ་བར་དུ་མ་བསླེབས་པ་ལྟར་ཚད་ལས་མི་འདའོ༎
༡༥ ང་ཚོ་ཚད་ལས་འདས་ཤིང་གཞན་གྱི་རྩོལ་བ་ལ་མི་ངོམ་ཡང་། ཁྱེད་ཚོའི་དད་པ་ཇེ་ཆེར་རྒྱས་བཞིན་ཁྱེད་ཚོའི་དཀྱིལ་དུ་ང་ཚོའི་ལས་ཀྱི་རྒྱ་ཁྱོན་ཡང་ཆེར་རྒྱས་པའི་རེ་བ་བྱེད་དོ། ༡༦ དེ་ནས་གཞན་གྱི་ས་ཆར་ལས་བསྒྲུབས་ཟིན་པ་མ་ངོམ་པར་ཁྱེད་ཚོའི་ས་མཚམས་ལས་ཕ་རོལ་དུའང་ཕྲིན་བཟང་འཆད་པར་འགྱུར་རོ། ༡༧ སུས་ངོམ་ན་གཙོ་བོ་ངོམ་ཞིག ༡༨ ཡིད་དུ་འོང་བའི་མི་ནི། རང་ལ་བསྟོད་པ་དེ་མིན་པར། གཙོ་བོས་བསྟོད་པ་དེའོ༎