༩
མཱ་ཤི་ཀ་པ་རྣམས་ཀྱི་ཕྱིར་འབུལ་སྡུད་ཀྱི་སྐོར་དུ། ངས་ལྷག་པ་འབྲི་དགོས་མི་འདུག ༢ ངས་ཁྱོད་ཚོའི་གཏོང་སེམས་ཤེས་ནས། ཁྱེད་ཚོ་ཨ་ཁ་ཡཱ་པ་རྣམས་ན་ནིང་ནས་གྲལ་འགྲིག་འདུག་ཟེར་ཞིང་། མ་ཀེ་དོན་པ་རྣམས་ལ་ངོམ་པ་ཡིན། ཁྱེད་ཚོའི་འདུན་པས་མི་མང་པོའི་སེམས་ལ་ངར་ཤུགས་བསྐྱེད་དོ། ༣ བྱ་བ་འདི་ནང་ངས་ཁྱེད་ཚོ་ངོམ་པ་དོན་མེད་མི་འགྱུར་བར། ངས་ཁྱེད་ཚོ་གྲལ་འགྲིག་འདུག་ཅེས་སྨྲས་པ་ལྟར་ཡོད་ཕྱིར་སྤུན་དེ་རྣམས་བཏང་ངོ་། ༤ གལ་སྲིད་མ་ཀེ་དོན་པ་རེ་ང་དང་མཉམ་དུ་འོངས་ནས། ཁྱེད་ཚོ་གྲལ་འགྲིག་མེད་པར་མཐོང་ན། ཁྱེད་ཚོ་ལྟ་ཞོག་ང་ཚོ་ལའང་བློས་འཁེལ་དྲགས་པས་ངོ་ཚ་འབྱུང་སྲིད། ༥ དེའི་ཕྱིར་ཁ་ཆད་བྱས་པའི་འབུལ་སྡུད་རྣམས་སྔོན་ལ་གྲལ་འགྲིག་བྱེད་པའི་ཕྱིར། སྤུན་དེ་རྣམས་ང་ལས་སྔོན་དུ་གཏོང་བ་གལ་ཆེ་བསམས་སོ། དེ་ནས་སེར་སྣ་མེད་པར་གཏོང་ཕོད་ཀྱི་འབུལ་བར་འགྱུར་རོ༎༦ དོན་ནི་འདི་ཡིན། ས་བོན་ཉུང་ངུར་བཏབ་ན། ལོ་ཐོག་ཀྱང་ཉུང་ངུར་སྡུའོ། ས་བོན་མང་བར་བཏབ་ན། ལོ་ཐོག་ཀྱང་མང་བར་སྡུའོ། ༧ རེ་རེས་སེམས་ཕངས་བཞིན་དུ་མི་གཏོང་ཀ་མེད་ཀྱིས་མ་ཡིན་པར་རང་སེམས་དགའ་བཞིན་དུ་ཐོང་ཞིག སེམས་དགའ་བཞིན་སྦྱིན་པ་ལ་དཀོན་མཆོག་ཐུགས་མཉེས་སོ། ༨-༩ མདོ་ན།
ཡོངས་སུ་བཀྲམ་ཞིང་དབུལ་པོར་གནང་༎
ཁོང་གི་གཏོང་སེམས་རྟག་ཏུ་གནས༎
ཞེས་བྲིས་པ་བཞིན་དུ། ཁྱེད་ཚོ་རྒྱུན་དུ་ལོངས་སྤྱོད་ཕུན་སུམ་ཚོགས་ཤིང་། ལས་བཟང་པོ་ཀུན་གྱི་ཕྱིར་མང་དུ་གཏོང་བར། དཀོན་མཆོག་གིས་ཁྱེད་ཚོའི་ལོངས་སྤྱོད་རྒྱས་པར་མཛད་ནུས་སོ། ༡༠ ཞིང་པར་ས་བོན་དང་ཟ་རུ་བག་ལེབ་གནང་མཁན་ཁོང་གིས་ཁྱེད་ཚོར་གཏེར་ཁ་ཡང་སྦྱོར་ཞིང་སྤེལ་ཏེ། ཁྱེད་ཀྱི་གཏོང་སེམས་ཀྱི་ལོ་ཐོག་རྒྱས་པར་མཛད་པར་འགྱུར། ༡༡ ཁྱེད་རྣམ་པ་ཀུན་ཏུ་གཏོང་ཕོད་ཀྱི་འབྱོར་པ་དང་ལྡན་ཏེ། ང་ཚོས་དཀོན་མཆོག་ལ་གཏང་རག་འབུལ་བའི་རྒྱུ་རུ་འགྱུར་རོ། ༡༢ ཞབས་ཏོག་འདི་ཡིས་མཱ་ཤི་ཀ་པ་རྣམས་ཀྱི་དགོས་འདོད་བསྐང་བ་མ་ཟད། དཀོན་མཆོག་ལ་གཏང་རག་མང་པོ་འབྱུང་ངོ་། ༡༣ ཞབས་གཏོག་གི་མངོན་རྟགས་འདིའི་སྒོ་ནས། མཱ་ཤི་ཀའི་ཕྲིན་བཟང་བླང་བའི་བཀའ་ལ་ཉན་པ་དང་། དེ་རྣམས་དང་གཞན་རྣམས་ལ་གཏོང་ཕོད་ཀྱི་འབུལ་བ་ཕུལ་བས། དེ་རྣམས་ཀྱིས་དཀོན་མཆོག་ལ་བསྟོད་པ་འབུལ་ལོ། ༡༤ ཁྱེད་ཚོ་དཀོན་མཆོག་གི་ཐུགས་རྗེ་དཔག་ཏུ་མེད་པ་དང་ལྡན་པས། དེ་རྣམས་ཀྱིས་ཁྱེད་ཚོ་དྲན་ཞིང་སྨོན་ལམ་འདེབས་པར་འགྱུར། ༡༥ རྗོད་དུ་མེད་པའི་བཀའ་དྲིན་གྱི་ཕྱིར་དཀོན་མཆོག་ལ་གཏང་རག་འབུལ་ལོ༎