སྤུན་རྣམས། དཀོན་མཆོག་གིས་མ་ཀེ་དོན་གྱི་ཆོས་ཚོགས་རྣམས་ལ་གནང་བའི་ཐུགས་རྗེ་ཁྱེད་ཚོར་ལ་འཆད་པར་འདོད་དོ།  དེ་རྣམས་ཤིན་ཏུ་སྡུག་བསྔལ་རུང་དགའ་སྤྲོ་ཆེན་པོ་དང་། ཤིན་ཏུ་དབུལ་རུང་གཏོང་ཕོད་ཆེན་པོའི་འབྱོར་པ་དང་ལྡན་ཏེ། ༣-༤ མཱ་ཤི་ཀ་པ་རྣམས་ལ་རོགས་བྱེད་པའི་ནང་འགན་འཁུར་བའི་ཕྱིར་ང་ཚོར་བཅོལ་ཞིང་། ཐུབ་པ་བཞིན་མ་ཟད། ཐུབ་པ་ལས་ལྷག་དགའ་བཞིན་བཏང་བ་ཡིན་པ་ལ་ངས་དཔང་པོ་བྱེད་དོ།  ང་ཚོའི་རེ་བ་ལས་ལྷག་པ་དེ་ཚོས་སྔར་རང་གཙོ་བོ་ལ་ཕུལ་ནས། དེ་ནས་དཀོན་མཆོག་གི་ཐུགས་དགོངས་བཞིན་ང་ཚོ་ལ་བཏད་དོ།  དེ་བཞིན་དུ་ང་ཚོས་ཏི་ཏུ་ལ། སྦྱིན་པའི་ལས་འདི་ཁོས་ཁྱེད་ཚོའི་དཀྱིལ་དུ་འགོ་བརྩམས་པ་ལྟར། མཐར་སྐྱེལ་བའི་ཕྱིར་བསྐུལ་ཏོ།  ཁྱེད་ཚོ་དད་པ་དང་། ངག་དང་། རྟོགས་པ་དང་། བརྩོན་འགྲུས་དང་། ང་ཚོ་ལ་བརྙེས་པའི་བྱམས་པའི་ནང་ཁྱད་པར་འཕགས་པ་ལྟར། སྦྱིན་པའི་ནང་དུའང་འཕགས་པར་གྱུར་ཅིག
 འདི་ངས་བཀའ་བཀོད་པ་ལྟར་མི་ཟེར་གྱི། གཞན་པའི་འབད་རྩོལ་དང་ཁྱེད་ཚོའི་བྱམས་པ་དངོས་མ་ཡིན་མིན་ཚོད་ལྟ་བའི་ཕྱིར་དུ་ཟེར་རོ།  ཁྱེད་ཚོས་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་ཤེས་ཤིང་། ཁོང་དབུལ་བའི་སྒོ་ནས་ཁྱེད་ཚོ་ཕྱུག་པོར་གྱུར་བའི་ཕྱིར། ཁོང་ཕྱུག་པོ་ཡིན་ཀྱང་ཁྱེད་ཀྱི་དོན་དུ་དབུལ་པོར་གྱུར་ཏོ། ༡༠ དེའི་སྐོར་ལ་ངས་འདི་ལྟར་གྲོས་འདེབས་ཏེ། ན་ནིང་ཁྱེད་ཚོས་བྱ་བ་དེ་འགོ་བཙུགས་པ་མ་ཟད། དམིགས་ཡུལ་བཞིན་དུ་ད་མཐར་སྐྱེལ་བ་ལེགས་སོ། ༡༡ ཇི་ལྟར་དམིགས་པ་དེ་གང་ཐུབ་སྒྲུབ་པར་རིགས་སོ། ༡༢ མི་ཞིག་ལ་སྦྱིན་པ་གཏོང་སེམས་ཡོད་ན་མེད་པ་ཞིག་མ་ཡིན་པར་གང་ཡོད་པ་ཞིག་སྦྱིན་ན་དེ་ལ་དཀོན་མཆོག་ཐུགས་དགྱེས་སོ། ༡༣ གཞན་ལ་སྐྱིད་པོ་དང་ཁྱེད་ཚོར་སྡུག་པོ་བཏང་བའི་དོན་དུ་མིན། ༡༤ ཐམས་ཅད་ཆ་མཉམ་པའི་ཕྱིར་དུ་ཡིན། དེ་དག་གི་འབྱོར་པས་ཁྱེད་ཚོའི་དགོས་དོན་བསྐང་ནས་མཉམ་པར་འགྱུར་བའི་ཕྱིར། ད་ལམ་ཁྱེད་ཚོའི་འབྱོར་པས་དེ་ཚོའི་དགོས་དོན་སྐོངས་ཤིག ༡༥ སྔར་འདི་སྐད་དུ། མང་པོ་བསྡུས་ཀྱང་ལྷག་མ་གྱུར། ཉུང་ངུ་བསྡུས་ཀྱང་ཆད་མ་གྱུར། ཞེས་བྲིས་པ་ལྟར་རོ༎
༡༦ ཏི་ཏུའི་སྙིང་ལའང་ཁྱེད་ཀྱི་ཕྱིར་དེ་ལྟ་བུའི་ཤ་ཚ་གནང་བའི་དཀོན་མཆོག་ལ་གཏང་རག་འབུལ་ལོ། ༡༧ དེས་ང་ཚོས་བཅོལ་བ་ལ་ཉན་པ་མ་ཟད། ཁོ་རང་དགའ་ཞིང་གདུང་ཤུགས་ཆེན་པོས་ཁྱེད་ཀྱི་རྩར་འགྲོའོ། ༡༨ ཕྲིན་བཟང་སྒྲོག་པ་ལ་ཆོས་ཚོགས་ཐམས་ཅད་ཀྱིས་བསྟོད་པའི་སྤུན་ཁོང་དང་མཉམ་དུ་གཏོང་ངོ་། ༡༩ དེ་ལྟར་ཡིན་པར་མ་ཟད། སྦྱིན་པའི་ལས་འདིའི་ཕྱིར་ང་ཚོ་མཉམ་དུ་འགྲོ་ཕྱིར་ཆོས་ཚོགས་རྣམས་ཀྱིས་ཁོང་བསྐོས་པ་ཡིན། ལས་འདི་ནི་དཀོན་མཆོག་གི་དཔལ་དང་ང་ཚོའི་བསམ་པ་བཟང་པོ་སྟོན་ཕྱིར་སྒྲུབ་བོ། ༢༠ ང་ཚོས་བྱེད་པའི་སྦྱིན་པའི་ཞབས་ཏོག་འདི་ལ་མི་སུས་ཀྱང་གཏམ་ངན་མི་གཏོང་བའི་ཕྱིར་བག་བྱེད་དོ། ༢༡ གཙོ་བོའི་གཟིགས་ངོར་འབའ་ཞིག་མ་ཟད་མིའི་མཐོང་ངོར་ཡང་གང་ལེགས་པ་དེ་བྱེད་པར་དམིགས་སོ། ༢༢ བྱ་བ་མང་པོའི་ནང་ཚོད་ལྟས་པས། གདུང་ཤུགས་ཅན་དང་། ཁྱེད་ཀྱིས་བློས་འཁེལ་བའི་རྐྱེན་གྱིས་ད་ལྟ་ལྷག་པར་གདུང་ཤུགས་ཆེ་བའི་ང་ཚོའི་སྤུན་དེ་དག་དང་མཉམ་གཏོང་ངོ་། ༢༣ ཏི་ཏུ་ནི་ངའི་རོགས་པ་དང་། ཁྱེད་ཀྱི་དོན་དུ་ངའི་ལས་རོགས་ཡིན། སྤུན་གཞན་གཉིས་པོ་ཆོས་ཚོགས་ཀྱི་ཕོ་ཉ་དང་མཱ་ཤི་ཀའི་རྒྱན་ཡིན། ༢༤ དེ་བས་ན་ཆོས་ཚོགས་རྣམས་ཀྱི་མདུན་དུ་ཁྱེད་ཚོའི་བྱམས་པ་དང་། ང་ཚོས་ཁྱེད་ཚོ་ངོམ་པ་དེ་བདེན་པ་ཡིན་པར་ཕོ་ཉ་དེ་རྣམས་ལ་སྟོན་ཞིག།