གཅེས་པ་རྣམས། དེ་ལྟ་བུའི་ཞལ་ཆད་ཡོད་པས། རང་གི་ལུས་དང་སེམས་ཀྱི་གྲིབ་པ་ཐམས་ཅད་འདག་སྟེ། དཀོན་མཆོག་ལ་འཇིགས་ཤིང་དམ་པ་ཕུལ་དུ་བྱུང་བར་ཤོག
 ང་ཚོའི་ཕྱིར་ཁྱེད་ཀྱི་སྙིང་སྒོ་ཕྱེས་ཤིག ང་ཚོས་སུ་ལའང་མི་རིགས་པའམ་མ་རུང་བའམ་ཟོལ་ཟོག་མ་བྱས།  ཁྱེད་ཅག་ང་ཚོའི་སྙིང་ནང་ཡོད་ཅིང་མཉམ་ཤི་མཉམ་གསོན་ཡིན་ཞེས་སྔོན་དུ་ངས་སྨྲས་ཏེ། ཁྱེད་ཚོར་སྐྱོན་འགེལ་དུ་དེ་ལྟར་མི་ཟེར།  ང་ལ་ཁྱེད་ཚོའི་བློ་གདེང་ཆེན་པོ་ཡོད། ངོམ་རྒྱུ་ཆེན་པོ་ཡོད། བློ་བདེ་ཆེན་པོ་ཡོད། སྡུག་བསྔལ་མང་རུང་ང་དགའ་སྤྲོས་འཁྱབ་བོ༎
 ང་ཚོ་མ་ཀེ་དོན་དུ་བསླེབས་པའི་དུས་སུའང་། ང་ཚོར་སྐྱིད་པོ་མ་བྱུང་ཞིང་། ཕྱི་ན་འཁྲུག་པ་དང་ནང་ན་འཇིགས་པས་ཕྱོགས་ཀུན་ནས་སྡུག་བསྔལ་མང་པོ་བྱུང་ཡང་།  དམན་པ་རྣམས་ལ་སེམས་གསོ་གནང་བའི་དཀོན་མཆོག་གིས་ཏི་ཏུ་སྩལ་ཏེ། ང་ཚོར་སེམས་གསོ་གནང་བྱུང་།  ཁོ་འོངས་པ་མ་ཟད། ཁོ་ལ་ཁྱེད་ཚོ་ལས་བྱུང་བའི་སེམས་གསོ་དང་། ངའི་ཕྱིར་ཁྱེད་ཚོའི་གདུང་སེམས་དང་། སེམས་སྐྱོ་དང་། འདུན་པ་རྣམས་བཤད་པས་ལྷག་པར་དགའ་བར་གྱུར་ཏོ།  སྔར་གྱི་ཡི་གེའི་སྒོ་ནས་ཁྱེད་ཚོ་སྐྱོ་བར་བྱས་པས་རེ་ཞིག་འགྱོད་ཀྱང་ད་མི་འགྱོད་དོ། ཡི་གེ་དེས་ཁྱེད་ཚོ་རེ་ཞིག་སྐྱོ་བར་བྱས་པ་མཐོང་ངོ་།  ད་ཁྱེད་ཚོ་སྐྱོ་བས་ང་མི་དགའི་འགྱོད་ཚངས་སྐྱེད་པའི་སྐྱོ་བ་སྐྱེས་པས་ང་དགའ་འོ། ཁྱེད་ཚོར་འགྱོད་པ་སྐྱེས་པས་ང་ཚོ་ལ་གནོད་པ་ཅིའང་མ་བྱུང་། ༡༠ འགྱོད་པས་ཕྱིས་མི་འཚར་བའི་ཐར་ལམ་ལ་བཀོད་ཀྱང་། མྱ་ངན་གྱིས་འཆི་བར་འདྲེན་ནོ། ༡༡ འགྱོད་པ་འདིས་ཁྱེད་ཇི་ལྟ་བུའི་བརྩོན་འགྲུས་དང་། རྒྱུ་རྐྱེན་བརྗོད་པ་དང་། ཁྲོ་བ་དང་། འཇིགས་པ་དང་། གདུང་སེམས་དང་། འདུན་པ་དང་། གཤགས་འབྱེད་པ་བསྐྱེད། དེའི་ནང་ཁྱེད་ཚོ་རྣམ་པ་ཀུན་ཏུ་མནོངས་མེད་པ་མངོན་ཏོ། ༡༢ ངས་ཁྱེད་ལ་ཡི་གེ་བྲིས་རུང་། ཉེས་ཅན་དེའི་སྒོ་ནས་ཀྱང་མ་ཡིན། གང་ལ་ཉེས་པ་དེའི་སྒོ་ནས་ཀྱང་མ་ཡིན། ཁྱེད་ཚོས་ང་ཚོའི་ཕྱིར་ཤ་ཚ་བྱེད་པ་དེ་དཀོན་མཆོག་གི་དྲུང་དུ་ཁྱེད་ལ་མངོན་པའི་སྒོ་ནས་ཡིན་པས། ༡༣ ང་ཚོར་སེམས་གསོ་བྱུང་ངོ་། ང་ཚོའི་བློ་བདེ་བ་མ་ཟད། ཁྱེད་རྣམས་ཀྱིས་ཏི་ཏུའི་བློ་བདེ་རུ་བཅུག་པས། ཁོའི་དགའ་བ་ཡིས་ང་ཚོ་ལྷག་པར་དུ་དགའོ། ༡༤ ཁོའི་མདུན་ཁྱེད་ཚོ་ངོམ་པ་ལས་ང་ངོ་ཚ་བའི་རྒྱུར་མ་གྱུར། ཁྱེད་ཚོར་སྨྲས་པ་ཐམས་ཅད་བདེན་པ་ཡིན་པ་ལྟར། ཏི་ཏུའི་མདུན་དུ་ངོམ་པའང་བདེན་པར་བྱུང་ངོ་། ༡༥ ཁྱེད་ཚོས་ཇི་ལྟར་འཇིགས་ཤིང་འདར་བས་ཁོ་བསུ་ཞིང་ཁ་ལ་ཉན་པ་དྲན་པའི་ཚེ། ཁོའི་སྙིང་གི་བྱམས་པ་ཁྱོད་ཚོའི་ཕྱོགས་སུ་ལྷག་པར་འཕེལ་ལོ། ༡༦ ང་ལ་རྟག་ཏུ་ཁྱེད་ཚོའི་ནང་བློ་གདེང་ཡོད་པས་ང་དགའོ༎