ཁོང་དང་མཉམ་དུ་ལས་བྱེད་མཁན་ཡིན་པས། ང་ཚོས་ཁྱེད་ལ་དཀོན་མཆོག་གི་ཐུགས་རྗེ་དོན་མེད་ལ་མ་ལེན་ཞིག་ཅེས་ཞུའོ།  ཁོང་གིས་འདི་སྐད་དུ།
དུས་ལ་བབས་པས་ཁྱོད་ཀྱི་སྨོན་ལམ་བསྐང་༎
ཐར་པའི་ཉིན་མོར་ཁྱོད་ལ་གྲོགས་ཀྱང་བྱས༎
ཞེས་གསུངས་པས། ལྟོས་ཤིག དུས་ལ་འབབ་པ་ནི་ད་ལྟ་ཡིན། ཐར་པའི་ཉིན་མོ་ནི་ད་ལྟ་ཡིན།  ང་ཚོའི་ལས་ཚན་ལ་ཞབས་མི་འདྲེན་པའི་ཕྱིར་གཞན་གྱི་ལམ་ལ་བར་ཆད་མི་གཏོང་།  རྣམ་པ་ཐམས་ཅད་དུ་དཀོན་མཆོག་གི་ཞབས་ཏོག་པའི་ཚུལ་བཞིན་བཟོད་པ་ཆེན་པོས། སྡུག་བསྔལ་དང་། དཀའ་ལས་དང་། རྐྱེན་ངན་དང་།  བརྡུང་འཕོག་དང་། བཙོན་དང་། འཁྲུགས་པ་དང་། ངལ་རྩོལ་དང་། གཉིད་མི་ལོག་པ་དང་། ལྟོགས་པ་ཐེག་ཅིང་།  གཙང་མ་དང་། ཤེས་རབ་དང་། ངང་རིང་བ་དང་། སྙིང་རྗེ་དང་། དམ་པའི་ཐུགས་ཉིད་དང་། བཅོས་མ་མིན་པའི་བྱམས་པ་དང་།  བདེན་པའི་ཚིག་དང་། དཀོན་མཆོག་གི་ནུས་མཐུ་དང་། ལག་པ་གཡས་གཡོན་ལ་དྲང་བ་ཉིད་ཀྱི་མཚོན་ཆ་དང་ལྡན་ཏེ།  བསྟོད་རུང་སྨད་རུང་། སྙན་པ་བརྗོད་རུང་མི་སྙན་པ་བརྗོད་རུང་། རང་གི་ཡོན་ཏན་སྟོན་པར་བྱེད་དོ། རྫུས་མར་རྩི་ཡང་དྲང་པོ་ཡིན།  གྲགས་མེད་རྩི་ཡང་གྲགས་ཅན་ཡིན། འཆི་ལ་ཁད་དུ་རྩི་ཡང་གསོན་པོ་ཡིན། གསོད་འོས་པར་རྩི་ཡང་མ་བསད་པར་བཞག་པ་ཡིན། ༡༠ སྡུག་བསྔལ་བར་རྩི་ཡང་རྟག་ཏུ་སྐྱིད། དབུལ་པོར་རྩི་ཡང་གཞན་ལ་ནོར་མང་སྦྱིན། ཅིའང་མེད་པར་རྩི་ཡང་ཐམས་ཅད་དང་ལྡན་ནོ༎
༡༡ ཀོ་རིན་ཐུ་པ་རྣམས། ང་ཚོས་ཁྱེད་ཚོར་དྲང་པོར་སྨྲ་སྟེ། ང་ཚོའི་བརྩེ་བའི་སྙིང་འབྱེད་དོ། ༡༢ ང་ཚོའི་ཕྱོགས་ནས་ཁྱེད་ཚོར་སྙིང་གུ་དོག་མི་བྱེད་ཀྱང་། ཁྱེད་ཚོའི་སྙིང་གུ་དོག་དང་ལྡན་ནོ། ༡༣ དེའི་ལན་དུ་རང་གི་སྙིང་ཡངས་པར་བྱོས་ཤིག་ཅེས་བུ་ལ་སྨྲས་པ་ལྟར་ཟེར་རོ༎
༡༤ དད་མེད་ཡ་མི་མཚུངས་དང་མཉམ་གཉའ་ཤིང་མ་ཁུར་ཞིག དྲང་བ་ཉིད་དང་ལོག་ཆོས་པ་ལ་འབྲེལ་ཅི་ཡོད། འོད་དང་མུན་པ་ལ་འབྲེལ་ཅི་ཡོད། ༡༥ མཱ་ཤི་ཀ་དང་བདུད་ལ་མཐུན་པ་ཅི་ཡོད། དད་ལྡན་དང་དད་མེད་ལ་མཚུངས་པ་ཅི་ཡོད། ༡༦ དཀོན་མཆོག་གི་མཆོད་ཁང་དང་སྐུ་འདྲ་ལ་ཁ་འཆམ་པ་ཅི་ཡོད། ང་ཚོ་གསོན་པོའི་དཀོན་མཆོག་གི་མཆོད་ཁང་ཡིན་ཏེ། ཇི་སྐད་དུ་དཀོན་མཆོག་གིས།
ང་ནི་དེ་ཚོའི་དཀྱིལ་དུ་བཞུགས༎
དེ་ཚོའི་ནང་དུ་རྒྱུ་བར་བྱ༎
ང་ནི་དེ་ཚོའི་དཀོན་མཆོག་དང་༎
དེ་རྣམས་ང་ཡི་འབངས་སུ་འགྱུར༎
༡༧ གསུངས་ཤིང་ཡང་སྐྱར་འདི་སྐད་དུ།
དེ་ཚོའི་དཀྱིལ་ནས་ཕྱིར་ཐོན་ཏེ༎
ཁྱེད་ཅག་སོ་སོར་སྡོད་ཅིག་དང་༎
མི་གཙང་གང་ལའང་མ་རེག་ཅིག།
དེ་ནས་ང་ཡིས་ཁྱོད་བསུ་ཞིང་༎
༡༨ ང་ནི་ཁྱོད་ཀྱི་ཡབ་ཏུ་གྱུར༎
ཞེས་ཀུན་དབང་གི་གཙོ་བོས་བཀའ་སྩལ་ཏོ༎