ང་ཚོའི་མི་རྟག་པའི་གུར་ཁང་ཞིག་ན། ནམ་མཁའ་རུ་མིའི་ལག་པས་མ་བཟོས་པའི་རྟག་པའི་ཁང་པ་ཞིག་དཀོན་མཆོག་ནས་ང་ཚོར་ཐོབ་འོང་བ་ཤེས་པས།  ང་ཚོ་ནམ་མཁའི་ཁང་པའི་གོས་གོན་པའི་ཕྱིར་གདུང་ཞིང་འཁུན་ནོ།  དེ་གོན་པས་ང་ཚོ་གཅེར་བུར་མི་མཐོང་།  ད་དུང་གུར་འདིའི་ནང་ཡོད་པའི་རིང་གདུང་བས་ནོན་ཅིང་ཤུགས་ནར་བྱེད་པ་ནི། གོས་འདི་འབུད་པའི་ཕྱིར་མ་ཡིན་པར། མི་རྟག་པ་དེ་གསོན་པ་ཉིད་ནང་འཐིམ་པའི་ཕྱིར་བརྩེགས་ནས་གོན་པས་འདོད་པས་སོ།  དོན་དེའི་ཕྱིར་ང་ཚོ་བཟོ་བར་མཛད་མཁན་ནི། ཐུགས་ཉིད་གཏའ་མར་གནང་བའི་དཀོན་མཆོག་ལགས་སོ༎
 ལུས་ཀྱི་ཁང་པའི་ནང་ཡོད་རིང་དུ་གཙོ་བོའི་དྲུང་དུ་མེད་པར་ཤེས་ཀྱང་།  མིག་གིས་མཐོང་བ་ལྟར་མི་སྤྱོད་པར་དད་པ་ལྟར་སྤྱོད་པས། ང་ཚོ་རྒྱུན་དུ་སྙིང་སྟོབས་ལྡན་ཞིང་།  ལུས་དང་བྲལ་ཏེ་གཙོ་བོ་དང་མཉམ་དུ་གནས་པར་འདོད་དོ།  དེའི་ཕྱིར་ང་ཚོ་ཁང་པའི་ནང་ཡོད་རུང་མེད་རུང་། ཁོང་མཉེས་སུ་འཇུག་པ་ལ་བརྩོན་ནོ། ༡༠ ང་ཚོ་རེ་རེས་ལུས་ནང་ཡོད་དུས་སུ་བྱས་པའི་ལས་བཟང་ངན་ཐོབ་པའི་ཕྱིར། མཱ་ཤི་ཀའི་ཞལ་ཆེའི་ཁྲིའི་དྲུང་དུ་ལང་བར་དགོས་སོ༎
༡༡ ང་ཚོས་གཙོ་བོ་ལ་འཇིགས་པར་ཤེས་ནས། མི་རྣམས་ལ་ནན་གྱིས་སྐུལ་ཏེ། ང་ཚོ་གང་ཡིན་པ་དེ་དཀོན་མཆོག་གིས་མཁྱེན་ཏེ། ཁྱེད་ཚོའི་ཤེས་བཟང་གིས་ཀྱང་ཤེས་པའི་རེ་བ་བྱེད་དོ། ༡༢ ང་ཚོས་ཡང་སྐྱར་རང་བསྟོད་མི་བྱེད་དེ། ཕྱིའི་སྣང་ཚུལ་ངོམ་ཞིང་སྙིང་ངོམ་རྒྱུ་མེད་པ་རྣམས་ལ་ཁྱེད་ཀྱིས་ལན་འདེབས་ནུས་པའི་ཕྱིར། ང་ཚོ་ཁྱེད་ཚོའི་ཕྱིར་ངོམ་པའི་རྒྱུ་ཞིག་ཡིན་ནོ། ༡༣ གལ་ཏེ་ང་ཚོས་དྲན་པ་མི་ཟིན་ན་དཀོན་མཆོག་གི་ཕྱིར་དུ་མི་ཟིན་ཞིང་། ཟིན་ན་ཁྱེད་ཚོའི་དོན་དུ་ཟིན་ཏེ། ༡༤ མཱ་ཤི་ཀའི་བྱམས་པས་ང་ཚོ་ལ་དབང་ངོ་། ང་ཚོས་ཡིད་ཆེས་པ་ལྟར། གཅིག་ནི་ཐམས་ཅད་ཀྱི་དོན་དུ་གྲོངས་པའི་རྐྱེན་གྱིས་ཐམས་ཅད་ཤིའོ། ༡༥ ཐམས་ཅད་ཀྱི་དོན་དུ་ཁོང་གྲོངས་པ་ནི་གསོན་པོ་རྣམས་ད་རང་གི་དོན་དུ་མི་གསོན་པར། དེ་ཚོའི་དོན་དུ་གྲོངས་ནས་བཞེངས་པ་ཁོང་གི་ཕྱིར་གསོན་པའི་ཕྱིར་རོ༎
༡༦ ཕྱིན་ཆད་ང་ཚོས་མིའི་སྣང་ཚུལ་གྱིས་མི་བལྟའི། མཱ་ཤི་ཀ་ལ་ཡང་སྔར་མིའི་སྣང་ཚུལ་གྱིས་བལྟས་ཀྱང་ད་དེ་ལྟ་བུར་མི་བལྟའོ། ༡༧ མཱ་ཤི་ཀའི་ནང་ཡོད་པ་ཐམས་ཅད་གསར་དུ་གྱུར་པ་ཡིན་ནོ། རྙིང་པ་རྣམས་མེད་པར་གྱུར་ཏེ། གསར་པ་རྣམས་བྱུང་ངོ་། ༡༨ ཐམས་ཅད་དཀོན་མཆོག་ནས་བྱུང་། མཱ་ཤི་ཀ་རྒྱུད་ནས་ཁོང་གིས་ང་ཚོ་ཁོང་རང་དང་བསྡུམས་ནས། སྡུམ་པ་འདིའི་ཞབས་ཏོག་ང་ཚོ་ལ་བཏད་བྱུང་། ༡༩ དཀོན་མཆོག་ནི་མཱ་ཤི་ཀའི་ནང་བཞུགས་ཤིང་། འཇིག་རྟེན་པ་རང་ཉིད་དང་བསྡུམས་ནས། དེ་རྣམས་ཀྱི་ཉེས་སྐྱོན་རྩིས་པར་མ་མཛད་དོ། སྡུམ་པའི་བཀའ་སྒྲོག་པ་ནི་ང་ཚོར་བཏད་དོ། ༢༠ དེ་ལྟར་ང་ཚོ་མཱ་ཤི་ཀའི་སྐུ་ཚབ་ཡིན་ཅིང་། དཀོན་མཆོག་དང་སྡུམས་ཤིག་ཅེས་མཱ་ཤི་ཀའི་ཕྱོགས་ནས་ཁྱེད་ཚོར་ནན་གྱིས་ཞུའོ། ༢༡ ཁོང་གི་སྒོ་ནས་ང་ཚོ་དཀོན་མཆོག་གིས་དྲང་པོ་རྩི་བའི་ཕྱིར། སྡིག་པ་མི་མཁྱེན་པ་ཁོང་ང་ཚོའི་དོན་དུ་སྡིག་པ་ལྟར་མཛད་དོ༎