༤
ཐུགས་རྗེའི་སྒོ་ནས་ང་ཚོ་ཞབས་ཏོག་འདི་ལ་བསྐོས་པས། སྙིང་ཆུང་མི་བྱེད་དོ། ༢ ང་ཚོས་མི་མཛེས་ཤིང་ལྐོག་གི་བྱ་བ་སྤངས་ནས། གཡོ་ཁྲམ་མི་བྱེད་ཅིང་དཀོན་མཆོག་གི་བཀར་ལྷད་ཀྱིས་མི་སླད་པར། བདེན་པ་མངོན་སུམ་དུ་སྟོན་ཞིང་། དཀོན་མཆོག་གི་སྤྱན་སྔར་མི་ཐམས་ཅད་ཀྱི་ཤེས་བཟང་ལ་ཡིད་དུ་འོང་བར་འགྱུར་བར་བརྩོན་ནོ། ༣ ང་ཚོས་འཆད་པའི་ཕྲིན་བཟང་ལ་ཁེབས་ཀྱིས་སྒྲིབ་པ་ལྟར་སྣང་ན་འཆི་བར་བགྲོད་པའི་དད་མེད་འབའ་ཞིག་གི་ཕྱིར་ཡིན་གྱི། ༤ དེ་རྣམས་ཀྱིས་དཀོན་མཆོག་དང་མཚུངས་པའི་མཱ་ཤི་ཀའི་གཟི་བརྗིད་ཀྱི་ཕྲིན་བཟང་གི་འོད་མི་མཐོང་བའི་ཕྱིར་དུ། འཇིག་རྟེན་འདིའི་ལྷས་སེམས་ལྡོངས་སུ་བཅུག་པ་ཡིན། ༥ ང་ཚོས་རང་མི་སྒྲོག་གི། མཱ་ཤི་ཀ་ཡེ་ཤུ་གཙོ་བོ་ལགས་པ་སྒྲོག་གོ། ང་ཚོ་ནི་ཡེ་ཤུའི་དོན་དུ་ཁྱེད་ཚོའི་ཞབས་ཏོག་པ་ཡིན་ནོ། ༦ དཀོན་མཆོག་གི་གཟི་བརྗིད་ཀྱི་རྟོགས་པའི་འོད་མཱ་ཤི་ཀའི་ཞལ་གདོང་ལས་སྤྲོ་བའི་ཕྱིར། དཀོན་མཆོག་གིས་མུན་པའི་ནང་དུ་འོད་ཤར་ཞིག་གསུངས་པས། ང་ཚོའི་སྙིང་གི་ནང་དུ་ཤར་ཏོ༎༧ དཔག་ཏུ་མེད་པའི་སྟོབས་ང་ཚོའི་མ་ཡིན་པར་དཀོན་མཆོག་གི་ཡིན་པར་སྟོན་པའི་ཕྱིར་དུ། གཏེར་འདི་ང་ཚོའི་རྩར་རྫ་བུམ་གྱི་ནང་དུ་ཡོད། ༨ ཕྱོགས་ཀུན་ནས་ནོན་ཀྱང་ང་ཚོ་མི་ཆག མགོ་འཐོམས་ཀྱང་ཡིད་མི་མུག ༩ འཚེ་ཡང་དོར་བ་མིན། སྒྱེལ་ཡང་མི་འཆི། ༡༠ ང་ཚོའི་ལུས་ནང་ཡེ་ཤུའི་གསོན་པ་ཉིད་མངོན་པའི་ཕྱིར་དུ། ཡེ་ཤུའི་གྲོངས་པ་དེའང་རྟག་ཏུ་རང་གི་ལུས་ནང་འཁུར་རོ། ༡༡ ང་ཚོའི་མི་རྟག་པའི་ལུས་ཀྱི་ནང་ནའང་ཡེ་ཤུའི་གསོན་པ་ཉིད་མངོན་པའི་ཕྱིར་དུ། ང་ཚོ་གསོན་པོར་ཡོད་རིང་ཡེ་ཤུའི་དོན་དུ་འཆི་བའི་ལག་ཏུ་བཏད་པ་ཡིན་པས། ༡༢ ང་ཚོའི་ནང་འཆི་བས་ལས་བྱེད་ཅིང་། ཁྱེད་ཚོའི་ནང་གསོན་པ་ཉིད་ཀྱིས་ཕྲིན་ལས་མཛད་དོ། ༡༣ མདོ་ན། ངས་དད་པ་བྱས་པས་གཏམ་ཡང་བྱས། ཞེས་བྲིས་པ་དང་འདྲ་བའི་དད་པ་གནང་བའི་ཐུགས་ཉིད་ང་ཚོ་ལ་ཡོད་དེ། ༡༤ གཙོ་བོ་ཡེ་ཤུ་གཤིན་པོའི་དཀྱིལ་ནས་སྐུ་གསོན་པོར་བསླངས་པ་ཁོང་གིས་ང་ཚོའང་ཡེ་ཤུ་དང་མཉམ་དུ་བསླངས་ནས། ཁྱེད་ཚོ་དང་ལྷན་ཅིག་ཏུ་ཉིད་ཀྱི་སྤྱན་སྔར་འཇོག་པར་འགྱུར་བ་ཤེས་ཏེ། ང་ཚོས་ཀྱང་དད་པ་བྱེད་པས་གཏམ་བྱེད་དོ། ༡༥ དེ་ཐམས་ཅད་ཁྱེད་ཚོའི་དོན་དུ་བྱུང་བས། ཇི་ཙམ་མི་མང་པོ་ལ་ཐུགས་རྗེས་རྒྱས་པ་དེ་ཙམ་དཀོན་མཆོག་གི་དཔལ་ལ་གཏང་རག་འབུལ་བར་འགྱུར་རོ༎
༡༦ དེའི་ཕྱིར་ང་ཚོས་སྙིང་ཆུང་མི་བྱེད་པར་ལུས་ནི་རྒུད་ཀྱིན་འགྲོ་ཡང་། སེམས་ནི་ཞག་པས་ཞག་གསར་དུ་འགྲོའོ། ༡༧ ཡུད་ཙམ་གྱི་སྡུག་བསྔལ་ཡང་བ་འདིས། ངེད་ཀྱི་དོན་དུ་རྟག་པའི་དཔལ་ལྷུན་འགྲན་ཟླ་བྲལ་བ་ཞིག་ཤོམ་མོ། ༡༨ མཐོང་བ་རྣམས་མི་རྟག་པ་ཡིན་ཅིང་། མི་མཐོང་བ་རྣམས་རྟག་པ་ཡིན་པས། ང་ཚོས་མཐོང་བ་རྣམས་ལ་མི་ལྟ་བར། མི་མཐོང་བ་རྣམས་ལ་ལྟའོ༎