༡༥
སྤུན་རྣམས་ངས་སྔོན་བཤད་པའི་ཕྲིན་བཟང་ཁྱེད་ཚོར་དྲན་སྐུལ་བྱེད་དོ། དེ་ནི་ཁྱེད་ཚོས་བླངས་ཤིང་། དེ་ལ་བརྟན་པོར་ཡང་གནས་སོ། ༢ ངས་བཤད་པ་ཡིད་ལ་བཟུང་ན། དེའི་སྒོ་ནས་ཐར་ལམ་ཐོབ་བོ། དེ་མིན་ཁྱེད་ཚོས་དད་པ་བྱས་པ་དོན་མེད་དོ། ༣ ངས་ཐོས་པ་ཁྱེད་ཚོར་སྔོན་དུ་བཤད་པ་འདི་ལྟ་སྟེ། གསུང་རབ་ན་གསུངས་པ་བཞིན་ང་ཚོའི་སྡིག་པའི་ཕྱིར་མཱ་ཤི་ཀ་གྲོངས། ༤ དུར་དུ་བཅུག ཡང་གསུང་རབ་ན་གསུངས་པ་བཞིན་ཁོང་ཞག་གསུམ་པར་བཞེངས། ༥ ཀེ་ཕཱས་མཇལ། དེ་ནས་བཅུ་གཉིས་པོས་ཀྱང་མཇལ། ༦ དེ་ནས་དུས་གཅིག་ཏུ་སྤུན་ལྔ་བརྒྱ་ལས་ལྷག་པས་མཇལ། དེ་དག་ལས་ཁ་གཅིག་གྲོངས་ཀྱང་མང་པོ་ད་ལྟའི་བར་དུ་ཡོད། ༧ དེ་ནས་ཡ་ཀོབ། དེའི་རྗེས་སུ་སྐུ་ཚབ་ཐམས་ཅད་ཀྱིས་མཇལ། ༨ མཇུག་ཤོས་སུ་དུས་མིན་སྐྱེས་པ་ལྟ་བུ་ངས་ཀྱང་མཇལ། ༩ ང་སྐུ་ཚབ་ཐམས་ཅད་ལས་དམན་པ་དེ་ཡིན། དཀོན་མཆོག་གི་ཆོས་ཚོགས་ལ་ངས་གཙེས་པས། ང་སྐུ་ཚབ་ཀྱི་མིང་འཛིན་པར་མི་འོས། ༡༠ ང་ཇི་ཡིན་པ་དཀོན་མཆོག་གི་ཐུགས་རྗེས་ཡིན། ཁོང་གིས་ང་ལ་མཛད་པའི་ཐུགས་རྗེ་མ་སྟོངས་སོ། གཞན་ཀུན་ལས་ངས་ལྷག་པར་དཀའ་ལས་རྒྱབ་པ་ཡིན། ང་རང་གིས་མ་བྱས་ཀྱི། ང་དང་འགྲོགས་པའི་དཀོན་མཆོག་གི་ཐུགས་རྗེས་མཛད་དོ། ༡༡ བཤད་མཁན་ང་ཡིན་རུང་སྐུ་ཚབ་དེ་དག་ཡིན་རུང་། ང་ཚོས་བཤད་པ་དེ་ཀར་ཁྱེད་ཚོས་དད་དོ༎༡༢ མཱ་ཤི་ཀ་གཤིན་པོའི་ཁྲོད་ནས་བཞེངས་པ་འཆད་ན། ཁྱེད་ཁ་གཅིག་གིས་གཤིན་པོ་མི་ལང་ཞེས་ཅི་ལྟར་སྨྲ། ༡༣ གཤིན་པོ་མི་ལང་ན། མཱ་ཤི་ཀའང་མ་བཞེངས། ༡༤ མཱ་ཤི་ཀ་མ་བཞེངས་ན། ང་ཚོས་བསྟན་པ་དང་ཁྱེད་ཚོའི་དད་པའང་དོན་མེད་དོ། ༡༥ གཤིན་པོ་མི་ལང་ན། དཀོན་མཆོག་གིས་མཱ་ཤི་ཀ་མ་བསླངས་ཤིང་ང་ཚོས་བསླངས་སོ་ཞེས་ཟེར་བ་དེ་ང་ཚོས་དཀོན་མཆོག་ལ་རྫུན་གྱི་དཔང་པོ་བྱེད་དོ། ༡༦ མདོར་ན་གཤིན་པོ་མི་ལང་ན། མཱ་ཤི་ཀ་འང་མ་བཞེངས། ༡༧ མཱ་ཤི་ཀ་མ་བཞེངས་ན། ཁྱེད་ཚོའི་དད་པའང་དོན་མེད་ཡིན་པས། ད་དུང་སྡིག་པའི་ནང་དུ་ཡོད་དེ། ༡༨ མཱ་ཤི་ཀ་པ་གྲོངས་པ་རྣམས་ཀྱང་མེད་པར་གྱུར་ཏོ། ༡༩ ཚེ་འདི་འབའ་ཞིག་གི་ཕྱིར་མཱ་ཤི་ཀ་ལ་རེ་བ་བྱེད་ན། མི་ཐམས་ཅད་ལས་ང་ཚོ་སྡུག་གོ།
༢༠ འོན་ཀྱང་མཱ་ཤི་ཀ་ནི་གཤིན་པོ་ལས་བདེན་པར་བཞེངས་ཏེ་བཞེངས་པའི་དང་པོ་འོ། ༢༡ མི་གཅིག་གི་རྐྱེན་གྱིས་འཆི་བ་བྱུང་བས། མི་གཅིག་གི་རྐྱེན་གྱིས་གཤིན་པོ་ལས་ལང་བའང་བྱུང་ངོ་། ༢༢ ཨ་དམ་ལ་བརྟེན་པ་ཐམས་ཅད་འཆི་བ་ལྟར། མཱ་ཤི་ཀ་ལ་བརྟེན་པ་ཐམས་ཅན་གསོན་འོང་། ༢༣ ཐམས་ཅད་རིམ་པར་ལང་། དང་པོར་མཱ་ཤི་ཀ་དང་། དེ་ནས་ཁོང་འབྱོན་དུས་སུ་མཱ་ཤི་ཀ་པ་རྣམས་ལང་འོང་། ༢༤ དེ་ནས་ཁོང་གིས་མངའ་ཐང་དང་དབང་དང་སྟོབས་གང་ཡོད་པ་ཐམས་ཅད་འཇིག་པར་མཛད་ནས་ཡབ་དཀོན་མཆོག་ལ་སྲིད་འབུལ་དུས་སུ་དུས་ཀྱི་ཐ་མ་འབྱུང་འོང་། ༢༥ དགྲ་ཐམས་ཅད་ཞབས་འོག་ཏུ་འཇུག་པའི་བར་དུ་སྲིད་མཛད་དགོས་པས་སོ། ༢༦ དགྲ་ཐམས་ཅད་ཀྱི་མཇུག་ཏུ་འཆི་བ་འཇོམ་པར་མཛད་དོ། ༢༧ ཁོང་གི་ཞབས་འོག་ཏུ་ཐམས་ཅད་ཐུལ། ཐམས་ཅད་ཐུལ་གསུང་ན། ཐུལ་བཅུག་མཁན་དེ་དེར་མ་གཏོགས་པར་གསལ་ལོ། ༢༨ ཐམས་ཅད་ལ་དཀོན་མཆོག་གི་དབང་དུ་འགྱུར་བའི་དོན་དུ། སྲས་ཀྱིས་ཐམས་ཅད་གཞོམ་པའི་རྗེས་སུ། ཁོང་རང་ཡང་དབང་གནང་མཁན་དེའི་འོག་ཏུ་འགྱུར་འོང་།
༢༩ གཤིན་པོ་རྩད་ནས་མི་ལང་ན། གཤིན་པོའི་ཕྱིར་ཁྲུས་བླངས་པ་དེ་ཚོས་ཅི་ཐོབ། དེ་དག་གི་དོན་དུ་ཁྲུས་ཅིའི་ཕྱིར་ལེན། ༣༠ ང་ཚོས་ཀྱང་ཆུ་ཚོད་རེ་བཞིན་རང་སྲོག་ཅིའི་ཕྱིར་སྡོ། ༣༡ གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ནང་ཁྱེད་ཚོ་ངའི་དཔལ་ཡིན་པ་ལྟར། ང་ལ་ཞག་རེ་བཞིན་འཆི་ཉེན་ཡོད། ༣༢ ཨེ་ཕེ་སུ་རུ་འཇིག་རྟེན་པ་ལྟར་ངས་གཅན་གཟན་དང་རྒོལ་བ་ཡིན་ན་ཅི་ཕན། གཤིན་པོ་མི་ལང་ན་སང་ཉིན་འཆི་བས། ཟོ་ཞིག ཐུངས་ཤིག ༣༣ གྲོགས་ངན་པས་སྤྱོད་ལམ་བཟང་པོ་རློག་པས་མ་ནོར་ཞིག ༣༤ ཁ་ཅིག་གིས་དཀོན་མཆོག་མི་ཤེས་པས། ཁྱེད་ཚོས་སྡིག་པ་མི་བྱེད་པར་དྲང་པོར་སྤྱོད་ཕྱིར་གཉིད་སོད། དེ་ནི་ཁྱེད་ཚོ་ངོ་ཚ་བའི་ཕྱིར་ངས་ཟེར་རོ༎
༣༥ གཤིན་པོ་ཅི་ལྟར་ལང་། ཅི་ལྟ་བུའི་ལུས་དང་ལྡན་ཏེ་འོང་ཞེས་སུས་འདྲི་ན། ༣༦ ཀྱེ་བླུན་པོ། ཁྱོད་ཀྱིས་འདེབས་པའི་ས་བོན་ཤི་ནས་མ་གཏོགས་གསོན་པོར་མི་འགྱུར། ༣༧ ཁྱོད་ཀྱིས་འདེབས་པ་དེ་སྐྱེ་རྒྱུ་ཡིན་པའི་གཟུགས་མ་ཡིན་གྱི། གྲོ་ལ་སོགས་པའི་འབྲུ་འབའ་ཞིག་ཡིན་ཏེ། ༣༨ དཀོན་མཆོག་གི་ཐུགས་དགོངས་ནང་བཞིན་ས་བོན་རེ་རེ་ལ་རང་གི་གཤིས་བཞིན་གཟུགས་རེ་གནང་ངོ་། ༣༩ གཟུགས་ཐམས་ཅད་གཅིག་པ་མིན་གྱི་མི། དུད་འགྲོ། འདབ་ཆགས། ཉའི་གཟུགས་སོ་སོ་ཡིན་ནོ། ༤༠ དེ་ལྟར་ནམ་མཁའི་གཟུགས་དང་སའི་གཟུགས་ཀྱང་ཡོད་དེ། དེ་རེ་རེ་ལའང་གཟི་བརྗིད་སོ་སོ་ཡོད། ༤༡ དེར་མ་ཟད་ཉི་མ། ཟླ་བ། སྐར་མའི་གཟི་བརྗིད་ཀྱང་སོ་སོ་ཡིན་ཏེ། སྐར་མ་སོ་སོར་གཟི་བརྗིད་སོ་སོ་ཡོད།
༤༢ གཤིན་པོ་རྣམས་ལང་བའང་དེ་ལྟར་ཡིན། འཇིག་རྒྱུའི་གཟུགས་ཤིག་ས་ལ་འདེབས་ནས་མི་འཇིགས་པའི་གཟུགས་ཤིག་ལང་ངོ་། ༤༣ སྨད་པར་འགྱུར་བ་ཞིག་འདེབས་ནས་གཟི་བརྗིད་དང་ལྡན་པ་ཞིག་ལང་། སྟོབས་མེད་ཅིག་འདེབས་ནས་སྟོབས་ལྡན་ཞིག་ལང་། ༤༤ འབྱུང་བཞིའི་ལུས་ཤིག་འདེབས་ནས་སེམས་ཉིད་ཀྱི་ལུས་ཤིག་ལང་ངོ་། འབྱུང་བཞིའི་ལུས་ཤིག་ཡོད་ན། སེམས་ཉིད་ཀྱི་ལུས་ཀྱང་ཡོད། ༤༥ མདོ་ན་ཨ་དམ་དང་པོ་སྲོག་དང་ལྡན་ཞེས་བྲིས་པ་བཞིན་དུ། ཨ་དམ་ཕྱི་མ་གསོན་པ་ཉིད་གནང་བའི་ཐུགས་ཉིད་དུ་གྱུར། ༤༦ འོན་ཀྱང་སེམས་ཉིད་ཀྱི་ལུས་དེ་སྔོན་དུ་མ་བྱུང་གི། འབྱུང་བཞི་དང་ལྡན་པའི་ལུས་དེ་བྱུང་བའི་འོག་ཏུ་སེམས་ཉིད་ཀྱི་ལུས་བྱུང་། ༤༧ མི་སྔ་མ་དེ་ས་ལས་ཡིན། མི་ཕྱི་མ་དེ་ནམ་མཁའ་ལས་ཡིན། ༤༨ སའི་མི་ཡིན་པ་ཐམས་ཅད། སྔ་མའི་སའི་མི་ལྟ་བུ་ཡིན། ནམ་མཁའི་མི་ཡིན་པ་ཐམས་ཅད། ཕྱི་མའི་ནམ་མཁའི་མི་ལྟ་བུ་ཡིན་ནོ། ༤༩ ང་ཚོས་སའི་མིའི་དབྱིབས་བླངས་པ་ལྟར། ནམ་མཁའི་དབྱིབས་ཀྱང་བླང་བར་འགྱུར་རོ༎
༥༠ ཤ་ཁྲག་དང་ལྡན་པ་ལ་དཀོན་མཆོག་གི་རྒྱལ་སྲིད་ཀྱི་ཐོབ་སྐལ་མེད། འཇིག་པ་ལ་མི་འཇིག་པའི་ཐོབ་སྐལ་མེད་ཅེས་ངས་ཁྱེད་སྤུན་རྣམས་ལ་ཟེར། ༥༡ ངས་ཁྱེད་ཚོར་གསང་བ་ཞིག་སྨྲ་སྟེ། ང་ཚོ་ལས་ཐམས་ཅད་མི་འཆི་འོ། དུང་སྐད་མཐའ་མར་མིག་བཙུམ་ཅིག་གམ་ཡུད་ཅིག་ནང་ཐམས་ཅད་འཕོ་བར་འགྱུར་རོ། ༥༢ དུང་འུ་བུད་པ་དང་གཤིན་པོ་རྣམས་མི་འཇིག་པར་ལང་ཞིང་། ང་ཚོ་ནི་འཕོ་བར་འགྱུར། ༥༣ འཇིག་པས་མི་འཇིག་པ་དང་། འཆི་བས་མི་འཆི་བ་བགོ་དགོས། ༥༤ བགོ་བའི་ཚེ་ན། མདོ་ན།
འཆི་བ་ཕམ་ནས་མེད་པར་གྱུར༎
༥༥ ཀྱེ། འཆི་བ་ཁྱོད་ཀྱི་རྒྱལ་བ་གང་༎
ཀྱེ། འཆི་བ་ཁྱོད་ཀྱི་མདུང་ནི་གང་༎
ཞེས་བྲིས་པ་དེ་འགྲུབ་འོང་། ༥༦ འཆི་བའི་མདུང་ནི་སྡིག་པ་དང་། སྡིག་པའི་དབང་ནི་བཀའ་ཁྲིམས་ཡིན། ༥༧ འོན་ཀྱང་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་རྒྱུད་ནས་ང་ཚོར་རྒྱལ་ཁ་གནང་བའི་དཀོན་མཆོག་ལ་གཏང་རག་འབུལ་ལོ། ༥༨ སྤུན་གཅེས་པ་རྣམས། འགྱུར་མེད་བརྟན་པོར་སྡོད་ཅིག ཁྱེད་ཚོའི་ལས་གཙོ་བོའི་དྲུང་དུ་དོན་མེད་མིན་པར་ཤེས་བཞིན། རྒྱུན་དུ་གཙོ་བོའི་ལས་ནང་ལྷག་པར་བརྩོན་ཞིག།