༡༤
བྱམས་སེམས་ལ་སྙེགས་ཤིག ཐུགས་ཉིད་ཀྱི་གནང་སྦྱིན་རྣམས་དང་། ཁྱད་པར་དུ་ལུང་སྟོན་པ་ལ་བརྩོན་ཞིག  མིས་མི་སྨྲ་བའི་སྐད་རིགས་གཞན་པའི་ནང་སྨྲ་བ་དེས་ཐུགས་ཉིད་ཀྱི་དབང་གིས་གསང་བ་གླེང་བས་སུས་ཀྱང་མི་གོ་བས། མི་ལ་མི་སྨྲ་བར་དཀོན་མཆོག་ལ་ཞུའོ།  ཆོས་འཆད་པ་དེས་མིའི་རྒྱུད་ལ་ཡར་སྐྱེད་དང་སྐུལ་མ་དང་སེམས་གསོའི་གཏམ་བྱེད་དོ།  སྐད་གཞན་རྣམས་ནང་སྨྲ་བ་དེས་རང་ལ་ཡར་སྐྱེད་དང་། ཆོས་འཆད་པ་དེས་ཆོས་ཚོགས་ལ་ཡར་སྐྱེད་བྱེད་དོ།  ཁྱེད་ཐམས་ཅད་ཀྱིས་སྐད་གཞན་རྣམས་ནང་སྨྲ་བར་ང་དགའ་ཡང་། དེ་བས་ཁྱེད་ཚོས་ཆོས་འཆད་པར་ང་ལྷག་པར་དགའོ། སྐད་གཞན་ནང་སྨྲ་མཁན་དེས་རང་གི་སྨྲས་པའི་ཚིག་དོན་མི་འགྲོལ་ན། ཆོས་ཚོགས་ཀྱི་ཡར་སྐྱེད་ལ་མི་ཕན་པས། དེ་བས་སྐད་གཞན་སྨྲ་མཁན་ལས་ཆོས་འཆད་མཁན་མཆོག་གོ།
 ཁྱེད་སྤུན་རྣམས་ཀྱི་རྩར་ང་འོངས་ཏེ་ངས་ཁྱེད་ཚོར་གསང་བ་འམ། ཤེས་རབ་བམ། ལུང་བསྟན་ནམ། ཆོས་མི་སྟོན་པར། སྐད་གཞན་རྣམས་ནང་སྨྲ་ན་དེས་ཁྱེད་ཚོར་ཅི་ཕན།  དཔེར་ན་གླིང་བུ་དང་པི་ཝང་ལ་སོགས་པའི་སེམས་མེད་རོལ་མོའི་སྒྲ་ལའང་དབྱེ་བའི་བྱེ་བྲག་མེད་ན། གླིང་བུའམ་པི་ཝང་གང་ཡིན་པ་དེ་ཅི་ལྟར་ཤེས།  དམག་དུང་གིས་སྐད་མི་གསལ་བ་ཞིག་གཏོང་ན། སུས་དམག་གྲབས་ཤོམ།  དེ་ལྟར་ཁྱེད་ཚོའི་ལྕེས་གཏམ་གསལ་བར་མི་གཏོང་ན། ཁྱེད་ཚོ་རླུང་ལ་སྨྲ་མཁན་ཡིན་པས་ཁྱེད་ཚོའི་གཏམ་སུས་གོ། ༡༠ འཇིག་རྟེན་ན་ཚིག་ཤིན་ཏུ་མང་པོ་ཡོད་རུང་། རེ་རེ་ལ་དོན་ཞིག་ཡོད། ༡༡ ངས་ཚིག་གི་དོན་མི་ཤེས་ན། གཏམ་བྱེད་མཁན་དེའི་མདུན་དུ་ང་མཐའ་འཁོབ་པ་དང་། ངའི་མདུན་དུ་ཁོ་མཐའ་འཁོབ་པ་ཡིན་ནོ། ༡༢ དེ་ལྟར་ཁྱེད་ཚོས་ཐུགས་ཉིད་ཀྱི་གནང་སྦྱིན་ལ་བརྩོན་པས། ཆོས་ཚོགས་ཀྱི་ཡར་སྐྱེད་ཕྱིར་ལྷག་པར་བརྩོན་ཞིག ༡༣ དེའི་ཕྱིར་སྐད་གཞན་རྣམས་ནང་སྨྲ་བ་དེས་དོན་འགྲོལ་ཐུབ་ཕྱིར་གསོལ་བ་ཐོབ་ཅིག ༡༤ ངས་སྐད་གཞན་རྣམས་ནང་སྨོན་ལམ་ཞུ་ན་ངའི་སེམས་ཀྱིས་ཞུ་ཡང་། ངའི་བློ་གྲོས་ལ་འབྲས་བུ་མེད་དོ། ༡༥ ངས་གང་བྱེད་དགོས། སེམས་དང་བློ་གྲོས་གཉིས་པོས་སྨོན་ལམ་འདེབས་པ་དང་། སེམས་དང་བློ་གྲོས་གཉིས་པོས་མགུར་མ་བླང་དགོས་པ་ཡིན་ནོ། ༡༦ ཁྱེད་ཚོའི་སེམས་འབའ་ཞིག་ནས་གཏང་རག་འབུལ་ན། དོན་མི་ཤེས་པ་དག་གིས་ཧ་མི་གོ་བས། ལན་དུ་ཨ་མེན། ༼བོད་སྐད་དུ། བདེན་པར་གྲུབ་ཅིག༽ ཅེས་ཅི་ལྟར་ཞུ་བར་ནུས། ༡༧ ཁྱེད་ཚོས་གཏང་རག་འབུལ་བ་གདོན་མི་ཟ་ཡང་། གཞན་དེ་ལ་མི་ཕན་ནོ། ༡༨ དཀོན་མཆོག་གི་བཀའ་དྲིན་གྱིས་སྐད་རྣམས་ཁྱེད་ཐམས་ཅད་ལས་ངས་ལྷག་པར་སྨྲ་ཡང་། ༡༩ ཆོས་ཚོགས་ཀྱི་ཁྲོད་དུ་སྐད་རྣམས་ནང་ཚིག་ཁྲི་གཅིག་སྨྲ་བ་ལས། གཞན་གྱི་དོན་དུ་བློ་གྲོས་ཀྱི་ཚིག་ལྔ་སྨྲ་བར་ང་དགའ་འོ༎
༢༠ སྤུན་རྣམས། བློ་གྲོས་ནང་བྱིས་པ་མ་ཡིན་པར། ངན་པ་ལ་ལྟ་སྟེ་འོ་འཐུང་ལྟར་གྱུར་ནའང་། བློ་གྲོས་ལ་ལྟ་སྟེ་ན་ལོན་པའི་མིར་གྱུར་ཞིག ༢༡ བཀའ་ཁྲིམས་ཀྱི་མདོ་ན་གཙོ་བོས། སྐད་གཞན་རྣམས་ནང་མཐའ་འཁོབ་པའི་ཁ་རྒྱུད་ནས་ངས་སྡེ་འདི་ལ་སྨྲ་ཡང་། དེ་ཚོས་ང་ལ་ཉན་པར་མི་འགྱུར་གསུང་བས། ༢༢ སྐད་གཞན་རྣམས་དད་པ་ཅན་གྱི་ཕྱིར་མིན་པར་དད་མེད་རྣམས་ཀྱི་ཕྱིར་རྟགས་སུ་ཡིན། ཆོས་བཤད་ནི་མི་དད་མེད་ཀྱི་ཕྱིར་མིན་པར་དད་པ་ཅན་གྱི་ཕྱིར་ཡིན་ནོ། ༢༣ ཆོས་ཚོགས་འདུས་ཏེ་མི་ཐམས་ཅད་ཀྱིས་སྐད་གཞན་རྣམས་ནང་སྨྲ་བའི་ཚེ། དོན་མི་ཤེས་པའམ་དད་མེད་སླེབས་ན། ཁྱེད་ཚོ་སྨྱོན་པར་མི་རྩིའམ། ༢༤ ཐམས་ཅད་ཀྱིས་ཆོས་བཤད་པའི་ཚེ་དད་མེད་དམ་དོན་མི་ཤེས་པ་སླེབས་ན། ཐམས་ཅད་ཀྱིས་ཁོ་ལ་དོ་སྤྲོད་པས་ཁོས་རང་རྒྱུད་རྟོགས་ཏེ། ༢༥ རང་གི་སྙིང་གི་གསང་བ་མངོན་པས། མི་དེ་ཁ་འབུབ་ལོག་ནས། དཀོན་མཆོག་ལ་ཕྱག་འཚལ་ཞིང་། ཁྱེད་ཀྱི་ཁྲོད་དུ་དཀོན་མཆོག་བདེན་པར་བཞུགས་ཞེས་འཆད་འོང་།
༢༦ ཀྱེ་སྤུན་རྣམས་ཅི་ཞུ། ཁྱེད་འཚོག་དུས་སུ། ལ་ལས་མགུར་མ། ལ་ལས་བསླབ་བྱ། ལ་ལས་གསང་བ་མངོན་པར་གསལ་བ། ལ་ལས་སྐད་གཞན་དང་། ཡང་ན་དེའི་དོན་འགྲེལ་འཆད་པར་འདོད་པས། དེ་ཐམས་ཅད་སེམས་ཉིད་ཡར་སྐྱེད་ཀྱི་ཕྱིར་འབྱུང་དགོས། ༢༧ སྐད་གཞན་རྣམས་ནང་སྨྲ་ན། གཉིས་སམ། མང་ཤོས་གསུམ་གྱིས་རིམ་པར་སྨྲས་ནས། གཅིག་གིས་དེའི་དོན་འགྲེལ་བྱེད་དགོས། ༢༨ དོན་འགྲེལ་བྱེད་མཁན་མེད་ན་སྐད་གཞན་སྨྲ་བ་དེ་ཚོགས་པའི་ནང་ཁ་རོག་ཅིང་རང་དང་དཀོན་མཆོག་ལ་སྨྲོས་ཅིག ༢༩ ཆོས་འཆད་པ་གཉིས་སམ་གསུམ་གྱིས་ཤོད་ཅིག གཞན་ཚོས་སྨྲས་པ་དེར་རྟགས་དགོས། ༣༠ དེར་བསྡད་ཡོད་པ་ཞིག་ལ་ཐུགས་ཉིད་ཀྱི་སྐུལ་མ་འབྱུང་ན། སྔ་མ་དེ་ཁ་རོག་སྡོད་ཅིག ༣༡ ཐམས་ཅད་ལ་བསླབ་བྱ་དང་སྐུལ་མ་ཐོབ་ཕྱིར། ཁྱེད་ཐམས་ཅད་ཀྱིས་རེ་རེ་བཞིན་ཆོས་འཆད་པར་རིགས་སོ། ༣༢-༣༣ དཀོན་མཆོག་ནི་གྲ་མི་འགྲིགས་བཟོ་བར་མི་དགྱེས་ཀྱི། ཞི་བདེར་དགྱེས་པས། ཆོས་འཆད་པ་པོའི་སེམས་དེའི་དབང་དུ་འདུ་དགོས། ༣༤ མཱ་ཤི་ཀ་པའི་ཆོས་ཚོགས་ཐམས་ཅད་ནང་ཁྲིམས་ཡོད་པ་ལྟར། བུད་མེད་ཀྱིས་ཆོས་ཚོགས་ནང་སྨྲ་བར་མི་ཆོག་པས་ཁ་རོག་སྡོད་དགོས། བཀའ་ཁྲིམས་ནང་གསུངས་པ་བཞིན་དུ་རང་ས་འཛིན་དགོས། ༣༥ ཆོས་ཚོགས་ནང་བུད་མེད་ཀྱིས་སྨྲ་བར་མི་རུང་བས། ཇི་ཞིག་ཤེས་པར་འདོད་ན། ཁྱིམ་དུ་ཁྱོ་ལ་འདྲི་བར་རིགས་སོ། ༣༦ དཀོན་མཆོག་གི་བཀའ་ཁྱེད་ཚོའི་ཁྲོད་ནས་བྱུང་ངམ། ཁྱེད་ཚོ་འབའ་ཞིག་ལ་མངོན་ནམ།
༣༧ སུས་རང་ལུང་སྟོན་པའམ་ཐུགས་ཉིད་དང་ལྡན་པ་ཡིན་སེམས་ན། ངས་ཁྱེད་ཚོར་བྲིས་པ་རྣམས་གཙོ་བོའི་བཀའ་སྩལ་ཡིན་པར་རྩིས་ཤིག ༣༨ སུས་མི་རྩི་ན་མི་དེ་ཡང་རྩི་བར་མི་འགྱུར། ༣༩ མདོར་ན་སྤུན་རྣམས་ཆོས་འཆད་པ་ལ་བརྩོན་ཞིག སྐད་གཞན་རྣམས་ནང་སྨྲ་བ་མ་འགེགས་ཤིག ༤༠ ཐམས་ཅད་ལེགས་ཤིང་ཚུལ་དང་མཐུན་པར་གྱིས་ཤིག།