༡༢
སྤུན་རྣམས། སེམས་ཉིད་ཀྱི་གནང་སྦྱིན་གྱི་སྐོར་ཁྱེད་ཚོས་རྟོགས་པར་ང་དགའོ།  ཁྱེད་ཚོ་ཕྱི་པ་ཡིན་པའི་དུས་སུ་ལམ་ནོར་ཞིང་སྐུ་འདྲ་སྨྲ་མི་ནུས་པའི་ཕྱོགས་སུ་སོང་བ་ཁྱེད་ཚོས་ཤེས་སོ།  དེའི་ཕྱིར་དཀོན་མཆོག་གི་ཐུགས་ཉིད་ལྡན་པ་སུས་ཀྱང་ཡེ་ཤུ་ལ་དམོད་མི་ནུས། ཐུགས་ཉིད་དང་མི་ལྡན་པ་སུས་ཀྱང་ཡེ་ཤུ་གཙོ་བོ་ཟེར་མི་ནུས་ཞེས་ངས་འཆད་དོ༎
 གནང་སྦྱིན་སོ་སོ་ཡོད་ཀྱང་། ཐུགས་ཉིད་གཅིག་གོ།  ཞབས་ཏོག་སོ་སོ་ཡོད་ཀྱང་། གཙོ་བོ་གཅིག་གོ།  ཕྲིན་ལས་སོ་སོ་ཡོད་ཀྱང་། ཐམས་ཅད་ནང་དེ་སྐུལ་བར་མཛད་པའི་དཀོན་མཆོག་གཅིག་གོ།  སྤྱི་དོན་དུ་མི་རེ་རེ་ལ་ཐུགས་ཉིད་མངོན་པས།  གཅིག་ལ་ཐུགས་ཉིད་ཀྱི་རིག་པའི་ངག་གནང་། གཅིག་ལ་ཐུགས་ཉིད་དེ་རང་གིས་རྟོགས་པའི་ངག་དང་།  གཅིག་ལ་ཐུགས་ཉིད་དེ་རང་གིས་གསོ་བྱེད་ཀྱི་གནང་སྦྱིན་དང་། ༡༠ གཅིག་ལ་ལྟས་སྟོན་པའི་དབང་དང་། གཅིག་ལ་ལུང་དུ་སྟོན་པ་དང་། གཅིག་ལ་སེམས་ཉིད་འབྱེད་པ་དང་། གཅིག་ལ་སྐད་རིགས་དང་། གཅིག་ལ་སྐད་སྒྱུར་བ་གནང་། ༡༡ དེ་ཐམས་ཅད་ཐུགས་ཉིད་གཅིག་འབའ་ཞིག་གིས་མཛད་ཅིང་། དགྱེས་པ་བཞིན་དུ་རེ་རེ་ལ་བགོད་དོ༎
༡༢ ལུས་གཅིག་ཡིན། དེ་ལ་ཡན་ལག་མང་པོ་ཡོད། ཡན་ལག་མང་པོ་ཡོད་ཀྱང་ལུས་དེ་རང་གི་ཡིན། དེ་ལྟར་མཱ་ཤི་ཀའང་ལགས་པས། ༡༣ ཡ་ཧུ་དཱ་པ་ཡིན་རུང་ལྷ་ཆོས་པ་ཡིན་རུང་། ཚེ་གཡོག་པ་ཡིན་རུང་། རང་དབང་ཅན་ཡིན་རུང་། ང་ཚོ་ཐམས་ཅད་ལུས་གཅིག་ཏུ་འགྱུར་ཕྱིར་ཐུགས་ཉིད་གཅིག་གི་ཁྲུས་བླངས། ཐུགས་ཉིད་ཀྱི་སྐྱེམས་ཀྱང་བཏུང་ངོ་། ༡༤ ལུས་ལ་ཡན་ལག་གཅིག་མིན་པར་མང་པོ་ཡོད། ༡༥ གལ་ཏེ་རྐང་པས་ང་ལག་པ་མིན་པས་ལུས་ཀྱི་ཡན་ལག་མིན་ཟེར་ཡང་དེ་ལུས་ཀྱི་ཡན་ལག་མ་ཡིན་ནམ། ༡༦ གལ་ཏེ་རྣ་བས་ང་མིག་མིན་པས་ལུས་ཀྱི་ཡན་ལག་མིན་ཟེར་ཡང་དེ་ལུས་ཀྱི་ཡན་ལག་མ་ཡིན་ནམ། ༡༧ ལུས་ཧྲིལ་པོ་མིག་ཡིན་ན་ཚོར་བའི་དབང་པོ་དེ་གང་དུ་ཡོད། ལུས་ཧྲིལ་པོ་རྣ་བ་ཡིན་ན་སྣོམ་པའི་དབང་པོ་གང་དུ་ཡོད། ༡༨ དཀོན་མཆོག་གི་ཐུགས་དགོངས་བཞིན་དུ་ཡན་ལག་རེ་རེ་ལུས་ཀྱི་གནས་སོ་སོར་བཞག་པར་མཛད་དོ། ༡༩ དེ་ཐམས་ཅད་ཡན་ལག་གཅིག་རང་ཡིན་ན་ལུས་གང་དུ་སོང་། ༢༠ ད་ཡན་ལག་མང་པོ་ཡོད་ཀྱང་ལུས་གཅིག་གོ། ༢༡ མིག་གིས་ལག་པ་ལ་ཡང་ན་མགོས་རྐང་པར་ང་ལ་ཁྱོད་མི་དགོས་ཟེར་མི་ནུས། ༢༢ ད་དུང་གཞན་ལས་མཉེན་པར་མཐོང་བའི་ཡན་ལག་གལ་ཆེ་སྟེ། ༢༣ ང་ཚོས་སྣང་ཆུང་རྩི་བའི་ཡན་ལག་ལ་ལྷག་པར་རྩི་སྟེ། ཡན་ལག་མི་མཛེས་པ་རྣམས་ལ་ལྷག་པར་ཅག་ག་བྱེད་དེ། ༢༤-༢༥ ཡན་ལག་མཛེས་པོ་རྣམས་ལ་དེ་མི་དགོས་སོ། ལུས་ཀྱི་ནང་དུ་མི་མཐུན་པ་མི་འབྱུང་བར། ཡན་ལག་གཅིག་གིས་གཅིག་ལ་ཤ་ཚ་བྱེད་ཕྱིར། དཀོན་མཆོག་གིས་ཡན་ལག་ཞན་པ་ལ་རྩིས་ལྷག་པར་གནང་ཞིང་ལུས་གྲུབ་བོ། ༢༦ ཡན་ལག་གཅིག་ན་བར་འགྱུར་ན་ཡན་ལག་ཐམས་ཅད་མཉམ་དུ་ནའོ། ཡན་ལག་གཅིག་ལ་བཀུར་ན། ཡན་ལག་ཐམས་ཅད་མཉམ་དུ་དགའ་འོ། ༢༧ ཁྱེད་ཚོ་ཐམས་ཅད་མཱ་ཤི་ཀའི་སྐུ་ལུས་ཡིན་ཏེ། རེ་རེ་ཡན་ལག་ཡིན་ནོ། ༢༨ ཡང་དཀོན་མཆོག་གིས་བསྐོས་པ་བཞིན་ཆོས་ཚོགས་ཀྱི་ནང་དུ་དང་པོར་སྐུ་ཚབ། གཉིས་པར་ལུང་སྟོན་པ། གསུམ་པར་སློབ་དཔོན། དེ་ནས་ལྟས་སྟོན་པ། ནད་གསོ་བའི་གནང་སྦྱིན། རོགས་རམ། མགོ་སྐྱོང་། སྐད་རིགས་སོ་སོ་འབྱུང་ངོ་། ༢༩ ཐམས་ཅད་སྐུ་ཚབ། ཐམས་ཅད་ལུང་སྟོན་པ། ཐམས་ཅད་སློབ་དཔོན། ཐམས་ཅད་ལྟས་སྟོན་མཁན་ཡིན་ནམ། ༣༠ ཐམས་ཅད་ལ་གསོ་བའི་གནང་སྦྱིན་ཡོད་དམ། ཐམས་ཅད་སྐད་རིགས་སྨྲ་མཁན་དང་། ཐམས་ཅད་ལོ་ཙ་བ་ཡིན་ནམ། ༣༡ ཁྱེད་ཚོ་གནང་སྦྱིན་མཐོ་བ་རྣམས་ལ་སྙེགས་ཤིག དེས་མ་ཟད་ཀུན་ལས་ལྷག་པའི་ལམ་ངས་ཁྱེད་ཚོར་སྟོན་ནོ༎