༡༡
ངས་མཱ་ཤི་ཀའི་ལད་མོ་བྱེད་པ་ལྟར། ཁྱེད་ཚོས་ཀྱང་ངའི་ལད་མོ་བྱོས་ཤིག༢ ཁྱེད་ཚོས་ང་ཀུན་ནས་དྲན་ཞིང་། གཏམ་རྒྱུད་རྣམས་ངས་ཇི་ལྟར་བཏད་པ་བཞིན་སྲུང་བས། ཁྱེད་ཚོར་བསྟོད་དོ། ༣ ཁྱེད་ཚོས་འདི་ཤེས་པར་གྱིས་ཤིག སྐྱེས་པ་རེ་རེའི་མགོ་མཱ་ཤི་ཀ་དང་། བུད་མེད་རྣམས་ཀྱི་མགོ་སྐྱེས་པ་དང་། མཱ་ཤི་ཀའི་དབུ་དཀོན་མཆོག་ལགས་པས། ༤ སྐྱེས་པས་མགོ་བཏུམས་ནས་སྨོན་ལམ་འདེབས་སམ། ལུང་སྟོན་ན་དེ་ནི་རང་གི་མགོ་ལ་སྨད་དོ། ༥ བུད་མེད་ཀྱི་མགོ་མ་བཏུམ་པར་སྨོན་ལམ་འདེབས་སམ། ལུང་སྟོན་ན་དེ་སྐྲ་བྲེགས་མཁན་ལྟར་ཡིན་པས་རང་གི་མགོ་ལ་སྨད་དོ། ༦ མགོ་མི་བཏུམ་པའི་བུད་མེད་དེས་སྐྲའང་བྲེགས་ཤིག འབྲེག་པའམ་བཞར་བར་ངོ་ཚ་ན་མགོ་བཏུམ་ཞིག ༧ སྐྱེས་པ་ནི་དཀོན་མཆོག་གི་དབྱིབས་དང་གཟུགས་བརྙན་ཡིན་པས། མགོ་བཏུམ་མི་ཆོག བུད་མེད་ནི་སྐྱེས་པའི་གཟུགས་བརྙན་ནོ། ༨ སྐྱེས་པ་བུད་མེད་ནས་མ་བྱུང་གི། བུད་མེད་སྐྱེས་པ་ནས་བྱུང་། ༩ སྐྱེས་པ་བུད་མེད་ཀྱི་དོན་དུ་མ་བཀོད་ཀྱི། བུད་མེད་སྐྱེས་པའི་དོན་དུ་བཀོད་དོ། ༡༠ དེ་བས་ན་ཕོ་ཉའི་ཕྱིར་བུད་མེད་ཀྱི་མགོ་ཁེབས་ཡོད་པར་དགོས་སོ། ༡༡ འོན་ཀྱང་གཙོ་བོའི་ནང་སྐྱེས་པ་མེད་པར་བུད་མེད་ཀྱང་མེད། བུད་མེད་མེད་པར་སྐྱེས་པའང་མེད་དོ། ༡༢ ཇི་ལྟར་བུད་མེད་སྐྱེས་པ་ནས་ཡིན། དེ་ལྟར་སྐྱེས་པ་བུད་མེད་ལས་ཡིན་མོད། འོན་ཀྱང་ཐམས་ཅད་དཀོན་མཆོག་ནས་ཡིན། ༡༣ ཁྱེད་ཚོ་རང་གིས་བཟང་ངན་ཕྱེས་ཤིག བུད་མེད་ཀྱིས་མགོ་མ་བཏུམ་པར་སྨོན་ལམ་འདེབས་པར་རིགས་སམ། ༡༤ སྐྱེས་པའི་སྐྲ་རིང་པོ་ཡོད་ན་ངོ་ཚ་ཡིན་པ་དང་། ༡༥ བུད་མེད་ལ་སྐྲ་ནི་མགོ་ཁེབས་ཕྱིར་གནང་བ་ཡིན་པས། བུད་མེད་ཀྱི་སྐྲ་རིང་པོ་མོའི་རྒྱན་ཡིན་པར། རང་བཞིན་ནས་མི་ཤེས་སམ། ༡༦ ད་རྩོད་པ་ལ་དགའ་མཁན་གྱི་མི་ཡོད་ན། དཀོན་མཆོག་གི་ཆོས་ཚོགས་དང་ང་ཚོར་ཁྲིམས་དེ་མེད་དོ༎
༡༧ བསླབ་བྱ་འདི་དག་གི་འཕྲོ་ལ། ཁྱེད་ཚོ་ལེགས་པར་མི་འཛོམ་པར་ཉེས་པར་འཛོམ་པས། ངས་ཁྱེད་ཚོར་མི་བསྟོད་དོ། ༡༨ དང་པོ་ནི་ཚོགས་སུ་འཛོམ་པའི་ཚེ་ཁྱེད་ཚོའི་ནང་མི་མཐུན་པ་ཡོད་པ་ཐོས་ཤིང་། ཕལ་ཆེར་ང་ཡིད་ཆེས་སོ། ༡༩ ཁྱེད་ནང་ནས་མཆོག་ཏུ་འགྱུར་བ་རྣམས་མངོན་པའི་ཕྱིར་སྡེ་ཚན་ཐ་དད་ཡོད་དགོས་སོ། ༢༠ ཁྱེད་ཚོ་འཚོགས་པ་དེ་ནི་གཙོ་བོའི་དགོང་ཟས་ཟ་ཕྱིར་མ་ཡིན་པར། ༢༡ རང་གི་ཟས་ཟ་བར་རིངས་ཤིང་། ལ་ལ་ལྟོགས་ལ་ལ་བཟི། ༢༢ ཟ་འཐུང་བྱེད་ཕྱིར་ཁང་པ་མེད་དམ། དཀོན་མཆོག་གི་ཆོས་ཚོགས་ལ་མི་རྩི་བར། དབུལ་པོ་རྣམས་ངོ་ཚ་བར་འཇུག་པར་འདོད་དམ། ངས་ཅི་ཞུ། ཁྱེད་ལ་བསྟོད་དམ། འདིའི་ཕྱིར་ངས་མི་བསྟོད།
༢༣ ང་ལ་གཙོ་བོ་རང་ནས་ཐོབ་ཅིང་ཁྱེད་ལའང་བཏད་པ་འདི་ལྟ་སྟེ། དགྲའི་ལག་ཏུ་བཏད་པའི་མཚན་མོར་གཙོ་བོ་ཡེ་ཤུས་བཞེས་བག་ཕྱག་ཏུ་བསྣམས་ཤིང་། ༢༤ གཏང་རག་ཕུལ་ནས་བཞེས་བག་བཅག་སྟེ། འདི་ནི་ཁྱེད་ཀྱི་དོན་དུ་ཡིན་པའི་ངའི་ལུས་ཡིན། ང་དྲན་པའི་ཕྱིར་འདི་ལྟར་གྱིས་ཤིག་གསུངས་སོ། ༢༥ དེ་བཞིན་དུ་གསོལ་བ་བཞེས་པའི་རྗེས་སུ་མཆོད་ཞལ་ཕྱག་ཏུ་བསྣམས་ནས། འདི་ནི་ངའི་ཁྲག་གི་ཐབས་ཀྱིས་ཞལ་ཆད་གསར་པ་དེ་ཡིན། དེ་ནམ་འཐུང་ནའང་ང་དྲན་པའི་ཕྱིར་འདི་ལྟར་གྱིས་ཤིག་གསུངས་སོ། ༢༦ དེའི་ཕྱིར་གཙོ་བོ་མ་ཕེབས་པའི་བར་དུ་ནམ་བཞེས་བག་འདི་ལས་ཟ་ཞིང་། མཆོད་ཞལ་འདི་ལས་འཐུང་ན། གཙོ་བོ་གྲོངས་པ་དེ་ཁྱེད་ཀྱིས་སྟོན་ནོ༎
༢༧ དེ་བས་ན་མི་འོས་པའི་ལུགས་སུ་གཙོ་བོའི་བཞེས་བག་ཟ་བའམ་མཆོད་ཞལ་ལས་འཐུང་བ་དེ་གཙོ་བོའི་སྐུ་ལུས་དང་སྐུ་ཁྲག་ལ་བརྟེན་ནས་ཉེས་པ་བྱེད་དོ། ༢༨ མི་ཞིག་གིས་རང་རྒྱུད་རྟོགས་ཤིང་། དེ་ནས་བཞེས་བག་ཟ་ཞིང་མཆོད་ཞལ་ལས་འཐུང་བར་རིགས་སོ། ༢༩ གཙོ་བོའི་སྐུ་ལུས་མ་རྟོགས་པར་ཟ་བ་དང་འཐུང་བ་དེས། རང་གི་ཆད་པ་ཟ་ཞིང་འཐུང་ངོ་། ༣༠ ཁྱེད་ཀྱི་ནང་ནས་མང་པོ་རྒུད་པ་དང་། ན་ཞིང་ཕལ་ཆེར་ཤི་བ་ནི་དེའི་རྐྱེན་གྱིས་སོ། ༣༡ རང་རྒྱུད་བརྟགས་པ་ཡིན་ན། ཆད་པ་མ་ཕོག་པ་ཡིན། ༣༢ འཇིག་རྟེན་པ་དང་མཉམ་ཆད་པ་མི་ཕོག་པའི་ཕྱིར་དུ་གཙོ་བོས་ང་ཚོའི་ཞལ་ཆེ་མཛད་པ་ནི་ང་ཚོར་གཅུན་ཕྱིར་ཡིན་ནོ། ༣༣ དེ་བས་ན་ངའི་སྤུན་རྣམས། ཟ་ཕྱིར་འདུ་བའི་དུས་སུ་གཞན་རྣམས་ལ་སྒུགས་ཤིག ༣༤ འདུ་བ་དེ་ཆད་པའི་རྒྱུར་མི་འགྱུར་ཕྱིར། ལྟོགས་པ་དེས་ཁྱིམ་དུ་ཟོ་ཞིག བྱ་བ་ལྷག་མ་རྣམས་ང་འོང་དུས་སུ་ཐག་གཅད་དོ༎