༡༠
ང་ཚོའི་ཕ་མེས་རྣམས་སྤྲིན་གྱི་འོག་ཏུ་བསྡད་དེ། རྒྱ་མཚོ་རྒལ་བས།  ཐམས་ཅད་ཀྱིས་སྤྲིན་དང་མཚོའི་ནང་མོ་ཤེའི་ཁྲུས་བླངས་པ་ནི། ཁྱེད་སྤུན་རྣམས་ཀྱིས་ཤེས་པར་ང་འདོད་དོ།  ཐམས་ཅད་ཀྱིས་ཐུགས་ཉིད་ཀྱི་ཁ་ཟས་གཅིག་པ་ཟོས།  ཐུགས་ཉིད་ཀྱི་བཏུང་བ་གཅིག་པ་བཏུངས། དེ་རྣམས་དང་མཉམ་དུ་བྱོན་པའི་ཐུགས་ཉིད་ཀྱི་བྲག་ལས་བཏུངས་པས་སོ། བྲག་དེ་ནི་མཱ་ཤི་ཀའོ།  འོན་ཀྱང་དེ་རྣམས་མང་ཤོས་དཀོན་མཆོག་གིས་སྤངས་པས། དེ་ཚོའི་རོ་འབྲོག་སྟོང་ནང་དབྱུགས་སོ།  ཕ་མེས་ཀྱིས་ངན་པ་འདོད་པ་ལྟར་ང་ཚོས་ཀྱང་མི་འདོད་པའི་ཕྱིར། བྱ་བ་དེ་དག་ང་ཚོའི་ཕྱིར་སྐུལ་མའོ།  མདོ་ན། མི་སྡེ་ཚོ་ཟ་འཐུང་ཕྱིར་བསྡད་ནས། གར་འཆམ་ཕྱིར་ལངས་སོ། ཞེས་བྲིས་པ་བཞིན། མི་ལ་ལས་སྐུ་འདྲར་ཕྱག་ཕུལ་བ་ལྟར་ཁྱེད་ཀྱིས་མ་འབུལ་ཞིག  ཡང་ལ་ལས་ལོག་གཡེམ་བྱས་པས་ཉིན་གཅིག་ནང་མི་སྟོང་ཉེར་གསུམ་ཤི་བ་ལྟར། ང་ཚོས་ཀྱང་མ་བྱེད་ཅིག  ལ་ལས་གཙོ་བོའི་ཐུགས་སད་པས་སྦྲུལ་གྱིས་བསད་པ་ལྟར། ང་ཚོས་ཐུགས་མ་སད་ཅིག ༡༠ ལ་ལས་མ་རངས་པའི་ཚིག་སྨྲས་ནས་གཤེད་མས་བསད་པ་ལྟར། ཁྱེད་ཚོས་མ་རངས་པའི་ཚིག་མ་སྨྲ་ཞིག ༡༡ གནས་ཚུལ་དེ་ནི་དེ་ཚོར་བརྡའི་ལུགས་སུ་བྱུང་ནས། ང་ཚོ་དུས་ཀྱི་མཐའ་མར་བསླེབས་ཡོད་པ་རྣམས་ལ་བསླབ་བྱའི་ཕྱིར་བྲིས་པ་ཡིན། ༡༢ དེ་བས་ན་བརྟན་པོར་ལངས་ཡོད་སྙམ་པ་དེས་འགྱེལ་བ་ལས་ཟོན་བྱོས་ཤིག ༡༣ བཟོད་མི་ཐུབ་པའི་དཀའ་བ་ཁྱེད་ཚོར་མ་བྱུང་། དཀོན་མཆོག་ནི་བསླུ་མེད་ལགས་པས། ཁྱེད་ཚོར་བཟོད་མི་ཐུབ་པའི་དཀའ་བ་མྱོང་མི་འཇུག་པར། བཟོད་པའི་སྟོབས་གནང་ཞིང་། དཀའ་བ་ལས་ཐར་བའི་ཐབས་ཀྱང་གནང་འོང་ངོ་། ༡༤ དེའི་ཕྱིར་གཅེས་པ་རྣམས། ལྷ་ཆོས་ལ་འཛེམས་ཤིག
༡༥ ངས་མཁས་པ་ལ་གཏམ་བྱེད་པས། ཁྱེད་ཚོ་རང་གིས་ངའི་གཏམ་ལ་བཟང་ངན་ཕྱེས་ཤིག ༡༦ ང་ཚོའི་མཆོད་ཞལ་བྱིན་ཅན་བྱིན་གྱིས་བརླབས་པ་དེ་ནི་མཱ་ཤི་ཀའི་སྐུ་ཁྲག་དང་འབྲེལ་བ་མ་ཡིན་ནམ། ང་ཚོས་གཅོག་པའི་བག་ལེབ་དེ་མཱ་ཤི་ཀའི་སྐུ་ལུས་དང་འབྲེལ་བ་མ་ཡིན་ནམ། ༡༧ བག་ལེབ་གཅིག་ཡོད་དེ། ང་ཚོས་མཉམ་དུ་ཟ་བས། ང་ཚོ་མང་པོ་ཡིན་ཀྱང་ལུས་གཅིག་ཡིན་ནོ། ༡༨ ཨིས་ར་ཨེལ་པ་རྣམས་ལ་ལྟོས་ཤིག མཆོད་པའི་ཞལ་ཟས་ཟ་མཁན་མཆོད་ཁྲི་དང་འབྲེལ་བ་མ་ཡིན་ནམ། ༡༩ ངས་མཆོད་པ་རྩ་ཆེ་བ་ཇི་ཞིག་ཡིན། ཡང་ན་སྐུ་འདྲ་རྩ་ཆེ་བ་ཇི་ཞིག་ཡིན་ཟེར་རམ། མ་ཡིན། ༢༠ མཆོད་པ་ནི་དེ་དག་གིས་དཀོན་མཆོག་ལ་མི་འབུལ་བར་འདྲེ་ལ་འབུལ་ལོ་ངས་ཟེར། ཁྱེད་ཚོ་དང་འདྲེ་འགྲོགས་པ་ལ་ང་མི་དགའོ། ༢༡ ཁྱེད་ཚོས་གཙོ་བོའི་མཆོད་ཞལ་དང་འདྲེའི་ཕོར་པ་གཉིས་ཀར་འཐུང་མི་ཐུབ། གཙོ་བོའི་གསོལ་ལྕོག་དང་འདྲེའི་ལྕོག་རྩེ་གཉིས་ཀར་ཟ་མི་ཐུབ། ༢༢ གཙོ་བོའོ་ཐུགས་ཁྲོ་སློང་ངམ། ཁོང་ལས་ང་ཚོ་སྟོབས་ཆེའམ།
༢༣ ངས་ཐམས་ཅད་བྱེད་ཆོག་ཀྱང་དེ་ཐམས་ཅད་ང་ལ་མི་ཕན། ངས་ཐམས་ཅད་བྱེད་ཆོག་ཀྱང་དེ་ཐམས་ཅད་ཀྱིས་ཡར་སྐྱེད་མི་གཏང་། ༢༤ རང་དོན་མི་འཚོལ་བར་གཞན་དོན་ཚོལ་ཞིག ༢༥ འཇིག་རྟེན་དང་དེའི་ནང་ཡོད་པ་ཐམས་ཅད་གཙོ་བོའི་ཡིན་པས། ༢༦ རྣམ་རྟོག་མི་བྱེད་པར་ཁྲོམ་དུ་འཚོང་བ་ཐམས་ཅད་ཟ་རུང་ངོ་། ༢༧ ལྷ་ཆོས་པ་ཞིག་གིས་ཁྱེད་ཚོ་མགྲོན་ལ་འབོད་ནས་འགྲོ་ན། རྣམ་རྟོག་མི་བྱེད་པར་མདུན་དུ་དྲངས་པ་ཐམས་ཅད་ཟོ། ༢༨ ཇི་སྟེ་སུས་ཁྱེད་ཚོར་འདི་མཆོད་པར་ཕུལ་བ་ཡིན་ཟེར་ན། ཟེར་མཁན་དེ་དང་ཤེས་བཟང་གི་ཕྱིར་མ་ཟ། ༢༩ དེ་ནི་ཁྱེད་ཚོའི་ཤེས་བཟང་གི་ཕྱིར་མ་ཡིན་གྱི། གཞན་དེའི་ཤེས་བཟང་གི་ཕྱིར་ཟེར་རོ། གཞན་གྱི་རྣམ་རྟོག་གིས་ངའི་རང་དབང་ལ་ཇི་ལྟར་དབང་ཐུབ། ༣༠ ངས་གཏང་རག་ཞུས་ཤིང་ཟོས་པར་སྐྱོན་བརྗོད་ཅི་ཕྱིར་བྱེད། ཁྱེད་ཚོས་ཟེར་ན། ༣༡ ཁྱེད་ཚོས་དེ་ཟའམ་འཐུང་ངམ་ཇི་བྱེད་ནའང་དཀོན་མཆོག་གི་དཔལ་སྟོན་པའི་ཕྱིར་ཐམས་ཅད་བྱོས་ཤིག ༣༢-༣༣ ངས་རྒྱུན་དུ་གཞན་ཐམས་ཅད་དགའ་བར་བྱེད་ཅིང་། ཐར་བའི་ཕྱིར་རང་དོན་མི་འཚོལ་བར་གཞན་དོན་འཚོལ་བ་ལྟར། ཁྱེད་ཚོས་ཀྱང་ཡ་ཧུ་དཱ་པ་དང་། ལྷ་ཆོས་པ་དང་། དཀོན་མཆོག་གི་ཆོས་ཚོགས་ཀྱི་སྣ་ཐོགས་པའི་རྡོར་མ་འགྱུར་ཞིག།