༩
ང་ལ་རང་དབང་མེད་དམ། སྐུ་ཚབ་མ་ཡིན་ནམ། གཙོ་བོ་ཡེ་ཤུ་མ་མཇལ་ལམ། གཙོ་བོའི་ནང་ངས་དཀའ་ལས་རྒྱབ་པའི་ལག་རྗེས་ཁྱེད་མ་ཡིན་ནམ། ༢ ང་མཱ་ཤི་ཀའི་སྐུ་ཚབ་ཡིན་པའི་མངོན་རྟགས་ཁྱེད་ཡིན་པས། གཞན་ལ་ང་སྐུ་ཚབ་མ་ཡིན་ནའང་། ཁྱེད་ལ་ཡིན་ནོ༎༣ ང་ལ་མཚང་བྲུ་མཁན་ལ་ངའི་ལན་འདི་ལྟ་སྟེ། ༤ ང་ཚོས་ཟ་བ་དང་འཐུང་བ་མི་ཆོག་གམ། ༥ གཙོ་བོའི་གཅུང་པོ་དག་དང་། ཀེ་ཕཱ་དང་། སྐུ་ཚབ་གཞན་དང་འདྲ་བར་ང་ཚོས་སྤུན་མ་ཞིག་ཆུང་མར་བླང་སྟེ་བྱེས་སུ་འཁྲིད་མི་ཆོག་གམ། ༦ ང་དང་བར་ན་བཱ་འབའ་ཞིག་གིས་ལས་བྱེད་དགོས་སམ། ༧ རང་གི་འགྲོ་སྒོ་བཏང་ནས་དམག་ལ་སུ་འགྲོ། རྒུན་ཚལ་བཙུགས་མཁན་དེས་རྒུན་འབྲུམ་མི་ཟའམ། ཁྱུ་འཚོ་ཞིང་དེའི་འོ་མ་སུས་མི་འཐུང་། ༨ འདི་དག་ངས་མིའི་ལུགས་ལ་མི་ཟེར་གྱི། བཀའ་ཁྲིམས་ཀྱིས་ཀྱང་འདི་ལྟར་གསུང་ངོ་། ༩ མོ་ཤེའི་བཀའ་ཁྲིམས་ན། ཁོ་གཡུའི་གླང་གི་ཁ་མ་འཆིང་ཞེས་བྲིས་ཡོད། གླང་གི་ཕྱིར་དཀོན་མཆོག་ཐུགས་འཚེར་རམ། ཡང་ན། ༡༠ ང་ཚོར་དམིགས་ནས་གསུང་ངོ་། དེ་ནི་ང་ཚོ་ལ་དམིགས་ནས་བྲིས་པ་ཡིན། སྐལ་བ་ཐོབ་པའི་རེ་བ་བྱེད་ཅིང་། རྨོ་མཁན་གྱིས་ཀྱང་རྨོ། ཁོ་གཡུ་སྐོར་མཁན་གྱིས་ཀྱང་སྐོར་དགོས། ༡༡ ང་ཚོས་ཁྱེད་ཚོའི་ཕྱིར་ཐུགས་ཉིད་ཀྱི་ས་བོན་བཏབ་ནས། འཇིག་རྟེན་གྱི་ལོ་ཐོག་ཁྱེད་ཚོ་ནས་སྡུ་མི་འོས་སམ། ༡༢ གཞན་ལ་དེའི་དབང་ཡོད་ན། ང་ཚོར་ལྷག་པར་མེད་དམ། འོན་ཀྱང་ང་ཚོས་དབང་དེ་བཞིན་མི་བྱེད་ཅིང་། མཱ་ཤི་ཀའི་ཕྲིན་བཟང་ལ་གེགས་སུ་མི་འགྱུར་ཕྱིར་འགྲོ་སྒོ་ཐམས་ཅད་འཁུར་རོ། ༡༣ མཆོད་ཁང་གི་གཉེར་ཁ་བྱེད་པོས་མཆོད་པའི་སྐལ་བ་ཟ་བ་ཁྱེད་ཚོས་མི་ཤེས་སམ། ༡༤ དེ་བཞིན་དུ་ཕྲིན་བཟང་སྒྲོག་པ་ཕྲིན་བཟང་ནས་འཚོ་བར་གཙོ་བོས་བསྐོས་པ་ཡིན། ༡༥ ངས་དེ་འདྲ་གང་ཡང་མ་བྱས་པ་ཡིན། ང་ལ་དེ་འདྲ་ཐོབ་ཕྱིར་བྲིས་པའང་མིན། དེ་ལས་འཆི་བ་ལེགས། ངའི་ངོམ་རྒྱུ་སུས་ཀྱང་མི་འཕྲོག ༡༦ ངས་ཕྲིན་བཟང་སྒྲོག་ན་ངོམ་རྒྱུ་མེད། སྒྲོག་དགོས་པས། མི་སྒྲོག་ན་བཀྲ་མི་ཤིས། ༡༧ འཐད་ཅིང་བྱེད་ན་རྔན་པ་ཐོབ། མི་འཐད་པར་བྱེད་ནའང་གཉེར་ཁག་ཕོག་ཡོད། ༡༨ ཕྲིན་བཟང་ལས་ཐོབ་པའི་དབང་མི་འཁོལ་བར། ཡོན་མེད་པར་ཕྲིན་བཟང་སྒྲོག་པ་ངའི་རྔན་པ་ཡིན།
༡༩ ང་གཞན་གྱི་འོག་ཏུ་མེད་ཀྱང་། མི་མང་པོ་འགུག་པའི་ཕྱིར་ཐམས་ཅད་ཀྱི་གཡོག་པོར་གྱུར། ༢༠ ཡ་ཧུ་དཱ་པ་འགུག་པའི་ཕྱིར་དེ་དག་ལ་ང་ཡ་ཧུ་དཱ་པ་ལྟར་གྱུར། ང་བཀའ་ཁྲིམས་ཀྱི་འོག་ན་མིན་ཀྱང་། ཡོད་པ་རྣམས་རྙེད་ཕྱིར་དེ་རྣམས་ལ་བཀའ་ཁྲིམས་ཀྱི་འོག་ན་ཡོད་པ་ལྟར་གྱུར། ༢༡ ང་དཀོན་མཆོག་ལས་མ་འགལ་བར་མཱ་ཤི་ཀའི་བཀའ་ཁྲིམས་ཀྱི་འོག་ཏུ་ཡོད་ཀྱང་། བཀའ་ཁྲེམས་མེད་པ་རྣམས་རྙེད་ཕྱིར་དེ་རྣམས་ལ་ང་བཀའ་ཁྲིམས་མེད་པ་ལྟར་གྱུར། ༢༢ སེམས་ཞན་པ་རྙེད་ཕྱིར་དེ་རྣམས་ལ་ང་སེམས་ཞན་པ་ལྟར་གྱུར། ལུགས་གང་རུང་གི་མི་འགའ་ཤས་སྐྱོབ་པའི་ཕྱིར་གང་ལ་གང་དགོས་གྱུར་པ་ཡིན། ༢༣ ཕྲིན་བཟང་གི་རྐྱེན་གྱིས། གཞན་རྣམས་དང་མཉམ་དུ་དེའི་འབྲས་བུ་ཐོབ་པའི་ཕྱིར་ངས་ཐམས་ཅད་བྱེད་དོ༎
༢༤ བང་རྒྱུག་ནང་མི་ཐམས་ཅད་རྒྱུག་ཀྱང་བྱ་དགའ་མི་གཅིག་ལ་ཐོབ་པ་མི་ཤེས་སམ། དེ་ཐོབ་ཕྱིར་རྒྱུགས་ཤིག ༢༥ གྱད་མི་ཚོས་མི་རྟག་པའི་ཅོད་པན་ཞིག་ཐོབ་ཕྱིར་རང་གི་ལུས་རྩལ་སྦྱོང་གིས་འདུལ་བར་བྱེད། འོན་ཀྱང་ང་ཚོས་ནི་རྟག་པའི་ཅོད་པན་ཐོབ་ཕྱིར་དེ་ལྟར་བྱེད་དོ། ༢༦ ང་རྒྱུག་པ་དོན་མེད་མ་ཡིན། ངས་རྡུང་བ་རླུང་ལ་རྡུང་བ་ལྟར་མིན། ༢༧ གཞན་ལ་ཆོས་བཤད་པའི་འོག་ཏུ། ང་རང་འོས་མིན་མི་འགྱུར་ཕྱིར། ངས་རང་གི་ལུས་འདུལ་ཞིང་རང་དབང་དུ་འཇོག་གོ།