༧
ཁྱེད་ཀྱིས་བྲིས་པའི་སྐོར་ལ། ཆུང་མ་མ་བླང་ན་ལེགས་སོ། ༢ འོན་ཀྱང་གཡེམ་པའི་འཇིགས་པས། ཕོ་རེ་ལ་ཆུང་མ་རེ་དང་མོ་རེ་ལ་ཁྱོ་རེ་ཡོད་པར་རིགས་སོ། ༣ ཁྱོས་རང་གི་ཆུང་མ་དང་ཆུང་མས་རང་གི་ཁྱོ་ལ་འོས་པར་ཆགས་དགོས་སོ། ༤ ཆུང་མའི་ལུས་ནི་རང་གི་དབང་ལ་མེད་ཀྱི་ཁྱོའི་དབང་ལ་ཡོད། དེ་བཞིན་ཁྱོའི་ལུས་ནི་རང་གི་དབང་ལ་མེད་ཀྱི་ཆུང་མའི་དབང་ལ་ཡོད་དོ། ༥ དེ་གཉིས་སོ་སོར་མ་སྡོད་ཅིག གཉིས་པོས་གྲོས་མཐུན་ཐོག་སྨོན་ལམ་འདེབས་པའི་དོན་དུ་རེ་ཞིག་སོ་སོར་གྱེས་ན། དེའི་རྗེས་སུ་ཁྱེད་ཚོའི་འདོད་ཆགས་ཀྱི་རྐྱེན་གྱིས་བདུད་ཀྱིས་མི་བསླུ་ཕྱིར་ཡང་འཛོམ་དགོས། ༦ དེ་ངའི་གནང་བ་ཞིག་མ་གཏོགས་བཀའ་མ་ཡིན། ༧ མི་ཐམས་ཅད་ང་དང་འདྲ་བ་ཡིན་པར་ངས་འདོད་ཀྱང་། མི་སོ་སོར་དཀོན་མཆོག་ནས་གནང་སྦྱིན་གཅིག་ལ་འདི་ལྟར་གཅིག་ལ་དེ་ལྟར་ཐོབ་ཡོད་དོ༎༨ ཕོ་རེང་བ་མོ་རེང་མ་དག་ང་དང་འདྲ་བར་གཅིག་པུར་གནས་ན་ལེགས། ༩ དེ་མ་ཐུབ་ན། འདོད་ཆགས་ཀྱིས་སྨྱོ་བ་བས་བཟའ་མི་བྱེད་པར་རིགས་སོ། ༡༠ བཟའ་མི་བྱས་ཡོད་པ་ཚོར། ཆུང་མ་ཁྱོ་དང་མི་བྲལ་བའི་བཀའ་ངས་མི་གཏོང་གཙོ་བོས་གནང་ངོ་། ༡༡ གལ་ཏེ་ཁ་བྲལ་ཡོད་ན་མོ་རང་དུ་སྡོད་ཅིག ཡང་ན་ཁྱོ་དང་སྡུམ། ཁྱོས་ཀྱང་ཆུང་མ་མ་སྤོངས་ཤིག ༡༢ གཞན་དག་ལ། སྤུན་ཞིག་གི་ཆུང་མ་ཕྱི་པ་ཡིན་ཏེ། ཁྱོ་མཉམ་སྡོད་པར་དགའ་ན་ཁ་མི་འཕྲལ་བའི་བཀའ་གཙོ་བོས་མི་གནང་ཡང་ངས་གཏོང་ངོ་། ༡༣ སྤུན་མོ་ཞིག་གི་ཁྱོ་ཕྱི་པ་ཡིན་ཏེ་མོ་མཉམ་སྡོད་པར་དགའ་ན་དེའང་ཁ་མ་འཕྲལ་ཞིག ༡༤ ཅིའི་ཕྱིར་ཞེ་ན། ཁྱོ་ཕྱི་པ་དེ་ཆུང་མའི་རྐྱེན་གྱིས་དམ་པར་འགྱུར། ཆུང་མ་ཕྱི་པ་དེ་སྤུན་དེའི་རྐྱེན་གྱིས་དམ་པར་འགྱུར་རོ། དེ་མིན་ཁྱེད་ཀྱི་བུ་ཕྲུག་དམ་པ་ཡིན་ཀྱང་དམ་པ་མིན་པ་ལྟར་འགྱུར་རོ། ༡༥ ཕྱི་པ་དེས་ཁ་འབྲལ་འདོད་ན་འབྲལ་དུ་ཆུག དེ་འདྲའི་སྐབས་སུ་སྤུན་ནམ་སྤུན་མོ་རྣམས་ཁྲིམས་ཀྱིས་བཅིངས་མེད་དོ། དཀོན་མཆོག་གིས་ང་ཚོ་ཞི་བདེའི་ཕྱིར་བོས་པ་ཡིན། ༡༦ ཆུང་མ། ཁྱོད་ཀྱི་ཁྱོ་ཐར་དུ་འཇུག་པར་ཅི་ལྟར་ཤེས། ཁྱོ་བོ། ཁྱོད་ཀྱི་ཆུང་མ་ཐར་དུ་འཇུག་པར་ཅི་ལྟར་ཤེས།
༡༧ དཀོན་མཆོག་གིས་བོས་པའི་ཚེ་ཇི་ལྟ་བུའི་སྐལ་བ་གཙོ་བོས་རེ་རེ་ལ་གནང་ཡོད་པ་ལྟར་སྤྱོད་ཅིག དེ་ནི་ཆོས་ཚོགས་ཐམས་ཅད་ལ་ངའི་ཆོས་ཁྲིམས་སོ། ༡༨ ཡ་ཧུ་དཱ་པ་ཞིག་བོས་ཡོད་ན། ཡ་ཧུ་དཱ་པའི་རྟགས་མ་སྤོངས། ལྷ་ཆོས་པ་ཞིག་བོས་ཡོད་ན། ཡ་ཧུ་དཱ་པའི་རྟགས་མ་ལེན། ༡༩ དཀོན་མཆོག་གི་བཀའ་སྲུང་བ་འབའ་ཞིག་མ་གཏོགས་རྟགས་ལྡན་པ་དང་རྟགས་མི་ལྡན་པ་གང་ཡང་མ་ཡིན། ༢༠ བོས་པའི་ཚེ་ན་ཇི་ལྟར་ཡོད་པ་དེ་ལྟར་གནས་ཤིག ༢༡ བོས་དུས་སུ་ཚེ་གཡོག་ཡིན་ན་མ་ཚེར་ཞིག གལ་ཏེ་ཐར་ཐུབ་པའི་སྐབས་ཡོད་ན་སྐབས་དེ་ལོངས་ཤིག ༢༢ གཙོ་བོས་བོས་པའི་ཚེ་ཚེ་གཡོག་དེ། གཙོ་བོས་བཀྲོལ་བའི་གྲོགས་པོ་ཡིན། བོས་པའི་བདག་པོ་དེ་མཱ་ཤི་ཀའི་ཚེ་གཡོག་ཡིན། ༢༣ ཁྱེད་བླུ་རིན་གྱིས་ཉོས་པས། མིའི་ཚེ་གཡོག་ཏུ་མ་འགྱུར་ཞིག ༢༤ ཀྱེ་སྤུན་རྣམས། བོས་པའི་ཚེ་ཇི་ལྟར་ཡོད་པ་བཞིན། དཀོན་མཆོག་གི་དྲུང་དུ་གནས་ཤིག
༢༥ གཞོན་ནུ་མའི་སྐོར་ང་ལ་གཙོ་བོའི་བཀའ་མེད་ཀྱང་། ཐུགས་རྗེའི་སྒོ་ནས་གཙོ་བོས་བློ་གདེང་མཛད་པའི་མི་ཡིན་པ་བཞིན་དུ་ངས་གདམ་མོ། ༢༦ འོང་རྒྱུའི་སྡུག་བསྔལ་ལ་ལྟ་སྟེ། ཇི་ལྟར་ཡོད་པ་དེ་ལྟར་སྡོད་ན་ལེགས་སེམས་སོ། ༢༧ ཆུང་མ་ཡོད་ན་ཁ་འབྲལ་ཐབས་མ་འཚོལ། མེད་ན་ཆུང་མ་མ་འཚོལ། ༢༨ འོན་ཀྱང་ཆུང་མ་བླང་ན་མི་ཉེས། གཞོན་ནུ་མ་ཚོ་བག་མར་འགྲོ་ན་མི་ཉེས་ཀྱང་། ཁྱིམ་ཐབས་བྱེད་ན་ཉོན་མོངས་པའི་རྒྱུ་ཡིན་པས། ངས་ཁྱེད་དེ་ལས་སྐྱོབ་པར་འདོད་དོ། ༢༩ སྤུན་རྣམས། ང་ཚོའི་ཚེ་ལ་ངེས་པ་མེད་ཅིང་། འཇིག་རྟེན་གྱི་རྣམ་པ་འགྱུར་འགྲོ་བས། ཕྱིན་ཆད་ཆུང་མ་ཡོད་པ་ཚོས་མེད་པ་ལྟར་སྤྱོད་ཅིག ༣༠ ངུ་མཁན་དེས་མི་ངུ་བ་ལྟར་དང་། སྐྱིད་པོ་དེས་སྐྱིད་མེད་ལྟར་དང་། ཉོ་མཁན་གྱིས་ཟོང་མེད་ལྟར་དང་། ༣༡ འཇིག་རྟེན་ལ་སྤྱོད་པས་མི་སྤྱོད་པ་ལྟར་སྤྱོད་ཅིག ༣༢ ཁྱེད་སེམས་ཁྲལ་ལས་ཐར་བར་ང་དགའ་འོ། ཆུང་མ་མེད་པ་དེས་གཙོ་བོ་དགྱེས་པའི་ཕྱིར་དུ་གཙོ་བོའི་ཕྱག་ལས་ལ་སེམས་ཁྲལ་བྱེད་དོ། ༣༣ ཆུང་མ་ཅན་དེས་ཆུང་མ་དགའ་བའི་ཕྱིར་འཇིག་རྟེན་གྱི་བྱ་བར་སེམས་ཁྲལ་བྱེད་དེ། ༣༤ ཁོའི་སེམས་ཀྱི་དོན་གཉེར་ཕྱོགས་གཉིས་སུ་གྱེས་སོ། མོ་རང་མ་དང་གཞོན་ནུ་མས་ལུས་སེམས་གཉིས་གཙང་བའི་དོན་དུ་གཙོ་བོའི་ཕྱིར་སེམས་ཁྲལ་བྱེད། ཆུང་མ་དེས་ཁྱོ་དགའ་བའི་དོན་དུ་འཇིག་རྟེན་གྱི་བྱ་བར་སེམས་ཁྲལ་བྱེད་དོ། ༣༥ དེ་ནི་ཁྱེད་ཚོ་འཆིང་བའི་ཕྱིར་མི་ཟེར་ཏེ། ཁྱེད་ལ་ཕན་འདོགས་ཤིང་སྤྱོད་ལམ་ལེགས་པ་དང་ཚེ་གང་གཙོ་བོའི་ཞབས་ཕྱི་ཞུ་ཕྱིར་ངས་ཟེར་རོ། ༣༦ གལ་ཏེ་མི་ཞིག་ལ་ཆུང་མར་བླང་རྒྱུའི་བུད་མེད་ན་ཆུང་མ་གྲོང་ཆོས་ཀྱིས་མ་གོས་པ་ཞིག་ཡོད་དེ། དེ་རང་གར་བཞག་པར་མི་འོས་བསམ་ན། དགོས་ཚེ་ཇི་ལྟར་དགའ་བ་བཞིན་བྱེད་ཆོག སྡིག་པ་མེད་པས་དེ་དག་ཁྱོ་ཤུག་ཏུ་འདུན་པར་རུང་ངོ་། ༣༧ འོན་ཀྱང་སྙིང་བརྟན་ཞིང་། མི་དགོས་ན། རང་གི་བསམ་པར་རང་དབང་ལྡན་ན་རང་གི་བུད་མེད་གཞོན་ནུ་མ་གྲོང་ཆོས་ཀྱིས་མ་གོས་པར་བཞག་པ་ལེགས་སོ། ༣༨ དེའི་ཕྱིར་རང་གི་བུད་མེད་གཞོན་ནུ་མ་དང་བཟའ་མི་བྱེད་པ་ལེགས། མི་བྱེད་པ་ལྷག་པར་ལེགས་སོ། ༣༩ ཁྱོ་གསོན་པོར་ཡོད་རིང་ཆུང་མ་ཁྲིམས་ཀྱིས་བསྡམས་ཡོད། ཁྱོ་འཆི་ན་གྲོལ་ནས་ཆོས་ཚོགས་ཀྱི་ནང་ནས་སུ་ཞིག་ལ་བག་མར་འགྲོ་ཆོག ༤༠ འོན་ཀྱང་སྔོན་ཇི་ལྟར་ཡོད་པ་ལྟར་གནས་ནའང་ལྷག་པར་སྐྱིད་དོ། དེ་ནི་ངའི་གདམས་པ་ཡིན་ཏེ་ང་ལ་དཀོན་མཆོག་གི་ཐུགས་ཉིད་ཡོད་སེམས་སོ༎