༦
ཁྱེད་ཚོའི་ཁྲོད་དུ་འཐབ་རྩོད་འབྱུང་ན། མཱ་ཤི་ཀ་པའི་དྲུང་དུ་མི་འགྲོ་བར། ཆོས་མེད་ཀྱི་ཁྲིམས་རར་འགྲོ་རུ་ཅི་ལྟར་སྤོབས། ༢ མཱ་ཤི་ཀ་པས་འཇིག་རྟེན་ལ་ཁྲིམས་གཅོད་འོང་བ་ཁྱེད་ཚོས་མི་ཤེས་སམ། ཁྱེད་ཚོས་འཇིག་རྟེན་ལ་ཁྲིམས་གཅད་ན། གཤགས་ཕྲན་ཚེགས་བྱེད་མི་འོས་སམ། ༣ ང་ཚོས་ཕོ་ཉ་ལ་ཁྲིམས་གཅད་ན། འཇིག་རྟེན་གྱི་བྱ་བ་ལ་ལྷག་པར་བཅད་པ་ཁྱེད་ཚོས་མི་ཤེས་སམ། ༤ དེ་ལྟའི་འཐབ་རྩོད་འབྱུང་ཚེ། ཆོས་ཚོགས་ཀྱི་མི་རྩི་བའི་མི་ཚོའི་དྲུང་དུ་འཇོག་གམ། ༥ ཁྱེད་ཚོ་ངོ་ཚ་ཕྱིར་འདི་ལྟར་ཟེར་རོ། སྤུན་གྱི་བར་དུ་གཤགས་བྱེད་ཐུབ་པའི་མཁས་པ་གཅིག་ཀྱང་ཁྱེད་ཚོའི་ཁྲོད་མེད་དམ། ༦ དེའི་ཚབ་ཁྱེད་ཚོ་སྤུན་གྱིས་སྤུན་ལ་རྩོད་ཅིང་། དེའང་ཕྱི་པའི་མདུན་དུ་རྩོད་དོ། ༧ སྤྱིར་ཕན་ཚུན་རྩོད་པ་ནི་ཕམ་པའོ། མི་རིགས་པ་ཅིའི་ཕྱིར་མི་བཟོད། འཕྲོག་པ་ཅིའི་ཕྱིར་མི་བཟོད། ༨ འོན་ཀྱང་ཁྱེད་ཚོས་མི་རིགས་པ་བྱེད། འཕྲོག་པར་བྱེད། དེའང་སྤུན་ལ་བྱེད་དོ༎༩ མི་རིགས་པ་བྱེད་པ་ལ་དཀོན་མཆོག་གི་རྒྱལ་སྲིད་ཀྱི་སྐལ་བ་མི་ཐོབ་པ་མི་ཤེས་སམ། མ་བསླུ་ཞིག མི་ཚངས་སྤྱོད་དང་། ལྷ་ཆོས་པ་དང་། ལོག་གཡེམ་པ་དང་། ཕོ་ལ་སྤྱོད་པ་དང་། ༡༠ རྐུན་མ་དང་། སྲེད་ལྡན་དང་། ར་རོས་དང་། སྐུར་བ་འདེབས་མཁན་དང་། ཆོམ་པོ་རྣམས་ལ་དཀོན་མཆོག་གི་རྒྱལ་སྲིད་ཀྱི་སྐལ་བ་མི་ཐོབ། ༡༡ ཁྱེད་ཚོ་ཁ་ཅིག་སྔར་དེ་ལྟར་ཡིན་ཀྱང་། གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་མཚན་དང་། དཀོན་མཆོག་གི་ཐུགས་ཉིད་ཀྱིས་ཁྱེད་ཚོ་གཙང་བར་ཡང་གྱུར། དམ་པར་ཡང་གྱུར། དྲང་པོར་ཡང་གྱུར་ཏོ༎
༡༢ ངས་ཐམས་ཅད་བྱེད་ཆོག་ཀྱང་། དེ་ཐམས་ཅད་ང་ལ་མི་ཕན། ངས་ཐམས་ཅད་བྱེད་ཆོག་ཀྱང་། ང་དེའི་དབང་དུ་མི་འགྲོའོ། ༡༣ ཟས་གྲོད་པའི་ཕྱིར་དང་། གྲོད་པ་ཟས་ཀྱི་ཕྱིར་ཡིན་ཏེ། དཀོན་མཆོག་གིས་གཉིས་ཀ་མེད་པར་མཛད་འོང་། འོན་ཀྱང་ལུས་འདོད་ཆགས་ཀྱི་ཕྱིར་མ་ཡིན་གྱི། གཙོ་བོའི་ཕྱིར་ཡིན་ཏེ། གཙོ་བོ་ལུས་ཀྱི་ཕྱིར་ཡིན་ནོ། ༡༤ དཀོན་མཆོག་གིས་ཉིད་ཀྱི་མཐུས། གཙོ་བོ་ཡང་སྐུ་གསོན་པོར་བཞེངས། ང་ཚོའང་གསོན་པོར་སློང་བར་འགྱུར་རོ། ༡༥ ཁྱེད་ཀྱི་ལུས་མཱ་ཤི་ཀའི་སྐུའི་ཡན་ལག་ཡིན་པར་མི་ཤེས་སམ། མཱ་ཤི་ཀའི་སྐུའི་ཡན་ལག་སྨད་ཚོང་མའི་ཡན་ལག་ཏུ་སྒྱུར་རམ། དེ་མི་སྲིད། ༡༦ མདོ་ན། གཉིས་པོ་གཅིག་ཏུ་འགྱུར་འོང་། གསུངས་པས། སྨད་ཚོང་མ་དང་འགྲོགས་པ་དེ་ཁོ་དང་གཅིག་ཏུ་འགྱུར་བར་མི་ཤེས་སམ། ༡༧ གཙོ་བོ་དང་འགྲོགས་པ་དེ་ནི་ཁོང་དང་ཐུགས་གཅིག་ཏུ་འགྱུར་རོ། ༡༨ གཡེམ་པ་སྤོངས། མིས་བྱེད་པའི་ཉེས་པ་གཞན་ཐམས་ཅད་ལུས་ཀྱི་ཕྱི་རོལ་དུ་ཡིན་གྱི། གཡེམ་པོས་རང་གི་ལུས་ལ་གནོད་ཅིང་ཉེས་སོ། ༡༩ ཁྱེད་ཀྱི་ལུས་ནི་ཁྱེད་ཀྱི་མ་ཡིན་པར། དཀོན་མཆོག་ནས་ཐོབ་པ་དེ་ཁྱེད་ནང་བཞུགས་པ་དམ་པའི་ཐུགས་ཉིད་ཀྱི་མཆོད་ཁང་ཡིན་པར་མི་ཤེས་སམ། ༢༠ ཁྱེད་བླུ་རིན་གྱིས་ཉོས་པས། ལུས་ཀྱི་སྒོ་ནས་དཀོན་མཆོག་གི་དཔལ་སྟོན་ཞིག།