༡༥
ང་ཚོ་སྟོབས་ཅན་ཚོས་རང་གང་དགའ་བར་མི་བྱེད་པར། ཉམ་ཆུང་ཚོའི་གང་མི་ཐུབ་པའི་བྱ་བར་བཟོད་དགོས། ༢ ང་ཚོ་རེ་རེས་ཕན་པ་དང་ཡར་སྐྱེད་ཕྱིར། ཁྱིམ་མཚེས་པ་དགའ་བར་བྱོས་ཤིག ༣ མདོ་ན། ཁྱེད་ལ་སྨད་པ་རྣམས་ཀྱི་སྨད་སྒྲ་ང་ལ་ཕོག་ཅེས་བྲིས་པ་བཞིན། མཱ་ཤི་ཀས་ཀྱང་ཉིད་དགྱེས་པར་མ་མཛད་དོ། ༤ བཟོད་པ་དང་གསུང་རབ་ཀྱི་སེམས་གསོའི་སྒོ་ནས། ང་ཚོར་རེ་བ་སྐྱེད་དོན་དུ། སྔོན་དུས་སུ་བྲིས་པ་རྣམས་ང་ཚོའི་ཞལ་གདམས་ཡིན་ནོ། ༥-༦ ཁྱེད་ཁ་སེམས་གཅིག་གིས། ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཡབ་དཀོན་མཆོག་ལ་བསྟོད་ཕྱིར། བཟོད་པ་དང་སེམས་གསོ་གནང་བའི་དཀོན་མཆོག་གིས། མཱ་ཤི་ཀ་ཡེ་ཤུ་བཞིན་དུ། ཁྱེད་སེམས་གཅིག་ཏུ་སྤྱོད་པ་གནང་བར་ཤོག༧ མཱ་ཤི་ཀས་དཀོན་མཆོག་གི་དཔལ་བརྗིད་ཀྱི་དོན་དུ་ཁྱེད་བསུ་བ་ལྟར་ཕན་ཚུན་བསུས་ཤིག ༨ མེས་པོ་ལ་མཛད་པའི་ཞལ་ཆད་སྒྲུབ་ཅིང་། དཀོན་མཆོག་བདེན་པ་ལགས་པར་སྟོན་པ་དང་། ཕྱི་པས་ཀྱང་དཀོན་མཆོག་གི་སྙིང་རྗེ་ལ་བསྟོད་ཕྱིར། མཱ་ཤི་ཀ་ཡ་ཧུ་དཱ་པ་རྣམས་ཀྱི་གཡོག་པོར་གྱུར་ཞེས་ངས་ཟེར། ༩ མདོ་ན།
དེ་ཕྱིར་ཕྱི་པའི་ཁྲོད་ན་ངས་ཁྱེད་བསྟོད༎
ཁྱེད་ཀྱི་མཚན་ལ་བསྟོད་དབྱངས་འབུལ་བར་བྱ༎
༡༠ ཡང་། ཕྱི་པས་ཁོང་གི་སྡེ་མཉམ་དགའ་བར་གྱིས༎
༡༡ ཡང་།
ཕྱི་པ་ཐམས་ཅད་གཙོ་བོར་བསྟོད་སྔོགས་ཤིག།
མི་སྡེ་ཀུན་གྱིས་ཁོང་ལ་བསྟོད་སྔོགས་ཤིག།
༡༢ ཡང་ཡེ་ཤ་ཡཱས།
ཨི་ཤཱའི་རྩ་བ་དེ་ནི་འབྱུང་འགྱུར་ཞིང་༎
ཁོང་གིས་ཕྱི་པ་རྣམས་ལ་སྲིད་མཛད་འགྱུར༎
ཕྱི་པ་རྣམས་ཀྱིས་ཁོང་ལ་རེ་བར་བྱ༎
ཞེས་བྲིས་པ་བཞིན་ནོ། ༡༣ དམ་པའི་ཐུགས་ཉིད་ཀྱི་མཐུས་ཁྱེད་ཀྱི་རེ་བ་འཕེལ་ཕྱིར། རེ་སའི་དཀོན་མཆོག་གིས་ཁྱེད་ཀྱི་དད་པ་བྱེད་པར། དགའ་བ་དང་ཞི་བདེས་འཁེངས་པར་མཛོད་ཅིག
༡༤ ངའི་སྤུན་རྣམས། ཁྱེད་སེམས་བཟང་ཞིང་ཤེས་རབ་ཀུན་གྱིས་གང་སྟེ། ཕན་ཚུན་བསླབ་བྱ་གཏོང་ཐུབ་པ་ལ་ང་རང་ཡིད་ཚིམས་ཀྱང་། ༡༥-༡༦ དཀོན་མཆོག་གི་ཐུགས་རྗེས་ང་ཕྱི་པའི་ཁྲོད་དུ་མཱ་ཤི་ཀ་ཡེ་ཤུའི་ཞབས་ཕྱི་ཡིན་པས། མདོ་དོན་ཁ་ཤས་ཆེད་དུ་སྤོབས་པ་ཆེན་པོས་བསྐུལ་ཡིག་བྲིས་པ་ཡིན། ཕྱི་པ་རྣམས་ལ་དམ་པའི་ཐུགས་ཉིད་ཀྱིས་དམ་པར་མཛད་དེ། ཐུགས་མཉེས་པའི་མཆོད་པར་འགྱུར་ཕྱིར། ངས་དཀོན་མཆོག་གི་ཕྲིན་བཟང་འཆད་པའི་ཞབས་ཏོག་ཞུ་བས། ༡༧ མཱ་ཤི་ཀ་ཡེ་ཤུའི་ནང་ན་དཀོན་མཆོག་གི་དྲུང་དུ་རློམས་སེམས་སྐྱེད་དོ། ༡༨-༡༩ ཕྱི་པ་འབངས་སུ་འགུག་པའི་ཕྱིར། མཱ་ཤི་ཀས་ང་རྒྱུད་ནས། ངག་དང་ལས། ལྟས་དང་ངོ་མཚར། ཐུགས་ཉིད་ཀྱི་མཐུས་མཛད་པའི་ཕྲིན་ལས་མ་གཏོགས་པར། གཞན་པ་ཞིག་ཟེར་བར་མི་སྤོབས་སོ། དེ་ལྟར་ཡེ་རུ་ཤ་ལེམ་གྱི་ཕྱོགས་བཞིར་ཨིལ་ལི་རི་ཀུམ་གྱི་བར་དུ། ངས་མཱ་ཤི་ཀའི་ཕྲིན་བཟང་འཆད་པའི་ལས་བསྒྲུབས་སོ། ༢༠-༢༡ མདོ་ན།
རྒྱུས་མེད་རྣམས་ཀྱིས་ཁོང་མཇལ་འོང་༎
མ་ཐོས་རྣམས་ཀྱིས་གོ་བར་འགྱུར༎
ཞེས་བྲིས་པ་བཞིན་དུ། གཞན་གྱིས་རྩིག་པའི་རྩིག་རྨང་ཁར་ཁང་པ་མི་རྩིག་པའི་ཕྱིར། ངས་མཱ་ཤི་ཀའི་མཚན་མ་ཚོར་བའི་ཡུལ་ཀུན་ནང་ཕྲིན་བཟང་འཆད་དུ་དམིགས་པ་ཡིན།
༢༢ དེའི་རྐྱེན་གྱིས་ཁྱེད་ཀྱི་རྩར་འོང་བ་ལ་ལན་མང་གེགས་ཀྱང་། ༢༣ ད་ལྟ་ཡུལ་ཁམས་འདི་ཚོ་ན་ཕྲིན་བཟང་འཆད་ས་ལུས་མེད་པ་དང་། ལོ་མང་ནས་ཁྱེད་རྩར་འོང་བར་ཡིད་གདུང་བས། སི་ཕེན་ཡཱ་ཡུལ་དུ་འགྲོ་བའི་ཞོར་ལ་ཁྱེད་དང་འཕྲད་འོང་། ༢༤ ལམ་བར་ལ་ཁྱེད་དང་མཇལ་ནས་རེ་ཞིག་ཚིམས་ནས། ཁྱེད་ཀྱིས་ང་དེ་ཕྱོགས་སུ་སྐྱེལ་བའི་རེ་བ་བྱེད་དོ། ༢༥ སྐབས་ཅིག་ང་ཡེ་རུ་ཤ་ལེམ་དུ་མཱ་ཤི་ཀ་པ་ཚོར་རོགས་རམ་བྱེད་དུ་འགྲོའོ། ༢༦ དེ་ཅི་ཡིན་ཞེ་ན། མ་ཀེ་དོན་དང་ཨ་ཁ་ཡཱ་པའི་སྤུན་རྣམས་ཀྱིས། ཡེ་རུ་ཤ་ལེམ་གྱི་མཱ་ཤི་ཀ་པའི་ཁྲོད་ན་དབུལ་པོ་ཚོའི་ཕྱིར་འབུལ་སྡུད་སྦྱིན་པར་དགའོ། ༢༧ དེ་ཚོས་སྦྱིན་པར་དགའ་ཡང་དེ་དག་གི་བུ་ལོན་པའང་ཡིན། ཕྱི་པ་ཚོར་ཡེ་རུ་ཤ་ལེམ་པ་ལས་ཐུགས་ཉིད་ཀྱི་ནོར་ཐོབ་པས། དེ་ཚོར་ཟང་ཟིང་གི་ཞབས་ཏོག་བྱེད་པར་རིགས་སོ། ༢༨ འབུལ་སྡུད་དེ་ཚོར་བཏད་ཅིང་། ལས་དེ་བསྒྲུབས་ནས། ཁྱེད་རྒྱུད་ནས་སི་ཕེན་ཡཱ་རུ་འགྲོའོ། ༢༩ ཁྱེད་ཀྱི་རྩར་འོང་དུས་སུ་མཱ་ཤི་ཀའི་བྱིན་རླབས་ཀྱིས་ཡོངས་སུ་གང་བ་དང་བཅས་འོང་བ་ངས་ཤེས་སོ༎
༣༠-༣༡ ཡ་ཧུ་དཱའི་དད་མེད་རྣམས་ལས་ང་སྐྱོབ་པ་དང་། ཡེ་རུ་ཤ་ལེམ་པའི་ཕྱིར་ངའི་ཞབས་ཏོག་ལ་མཱ་ཤི་ཀ་པ་རྣམས་དགའ་བའི་ཕྱིར། ཁྱེད་སྤུན་ཚོས་ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་དང་། དམ་པའི་ཐུགས་ཉིད་ཀྱི་བྱམས་བརྩེ་ལ་བརྟེན་ནས། ང་མཉམ་དུ་དཀོན་མཆོག་ལ་སྨོན་ལམ་འདེབས་པར་བརྩོན་ཞིག་ཅེས་ཞུ་བ་འབུལ་ལོ། ༣༢ དེ་ནས་དཀོན་མཆོག་གི་དགོངས་པ་བཞིན་ཁྱེད་ཀྱི་རྩར་དགའ་ཞིང་འོངས་ནས། ཁྱེད་དང་མཉམ་དུ་ངལ་གསོ་བར་འགྱུར་རོ། ༣༣ ཞི་བདེ་གནང་བའི་དཀོན་མཆོག་ཁྱེད་ཐམས་ཅད་དང་མཉམ་དུ་འགྲོགས་པར་ཤོག་ཅིག ཨ་མེན༎