༡༤
དད་པ་དམན་པ་ཞིག་གི་བསམ་པར་མི་རྩོད་པར་རང་གི་ཁྲོད་དུ་བསུ་ཞིག ༢ མི་གཅིག་གིས་ཐམས་ཅད་ཟ་རུང་སེམས་ཀྱང་། དད་པ་དམན་པ་དེས་སྔོ་ཚོད་འབའ་ཞིག་ཟའོ། ༣ ཤ་ཟ་མཁན་དེས་ཤ་མི་ཟ་མཁན་ལ་མ་སྨད་ཅིག ཤ་མི་ཟ་མཁན་དེས་ཤ་ཟ་མཁན་ལ་མ་ཁྲེལ་ཞིག ཁོའང་དཀོན་མཆོག་གིས་བསུས་པ་ཡིན། ༤ གཞན་གྱི་གཡོག་པོ་ལ་ཁྲེལ་མཁན་ཁྱོད་སུ་ཡིན། ཁོ་ལང་ནའང་འགྱེལ་ནའང་རང་གི་དཔོན་པོའི་ཁག་ཡིན། གཙོ་བོས་ཁོ་བརྟན་པོ་མཛད་ནུས་པས། ཁོ་ལང་འོང་། ༥ མི་ལ་ལས་ཞག་ལ་བཟང་ངན་རྩི། མི་ལ་ལས་དེ་ལ་མི་རྩི། མི་རེ་རེས་རང་གི་སེམས་ནང་རྣམ་རྟོག་མི་ལང་བར། ༦ ཞག་ལ་བཟང་ངན་རྩི་བ་དེས་གཙོ་བོའི་དོན་དུ་རྩི། ཤ་ཟ་མཁན་དེས་དཀོན་མཆོག་ལ་གཏང་རག་འབུལ་བས། གཙོ་བོའི་དོན་དུ་ཟ་སྟེ། ཤ་མི་ཟ་མཁན་གྱིས་དཀོན་མཆོག་ལ་གཏང་རག་འབུལ་བས། གཙོ་བོའི་དོན་དུ་མི་ཟའོ༎༧ ང་ཚོ་སུའང་རང་གི་དོན་དུ་མི་འཚོ་ཞིང་མི་འཆི་སྟེ། ༨ འཚོ་ན་གཙོ་བོའི་དོན་དུ་འཚོ་བ་དང་། འཆི་ནའང་གཙོ་བོའི་དོན་དུ་འཆིའོ། ང་ཚོ་འཚོའང་རུང་འཆིའང་རུང་ང་ཚོ་གཙོ་བོའི་ཡིན་ནོ། ༩ གསོན་གཤིན་གཉིས་པོར་མངའ་ཕྱིར་མཱ་ཤི་ཀ་གྲོངས་ནས་སྐུ་གསོན་པོར་བཞེངས་སོ། ༡༠ ང་ཚོ་ཐམས་ཅད་དཀོན་མཆོག་གི་ཞལ་ཆེའི་ཁྲིའི་དྲུང་དུ་ལང་བར་འགྱུར་བས། ཁྱེད་ཀྱིས་རང་གི་སྤུན་ལ་ཅིའི་ཕྱིར་ཁྲེལ། ཅིའི་ཕྱིར་སྨད། ༡༡ གཙོ་བོས་བཀའ་སྩལ་པ།
ཁོ་བོ་གསོན་པས་པུས་ཀུན་ངའི་དྲུང་འཛུག།
ལྕེ་ཀུན་དཀོན་མཆོག་མཚན་ནས་བརྗོད་འགྱུར་གསུངས༎
༡༣ དེའི་ཕྱིར་ད་ནས་ཕྱིན་ཆད་ཕན་ཚུན་མི་ཁྲེལ་བར། སྤུན་ཞིག་གི་མདུན་དུ་རྐང་ཐོགས་པའི་སྣ་རྡོའམ་ལྟེམ་པ་མི་བཞག་པར་ཐག་ཆོད་ཅིག ༡༤ རྫས་གང་ཡང་རང་བཞིན་གྱིས་མི་གཙང་བ་མིན་པ་ངས་གཙོ་བོ་ཡེ་ཤུའི་ནང་ཤེས་པས་སྙིང་ཐག་པ་ནས་ཡིད་ཆེས་སོ། འོན་ཀྱང་སུས་རྫས་གང་ཞིག་མི་གཙང་བར་སེམས་ན་ཁོའི་ཕྱིར་མི་གཙང་བ་ཡིན། ༡༥ ཁྱོད་ཀྱི་ཟ་བ་དེས་སྤུན་འཁྲུགས་ན། ཁྱོད་བྱམས་པའི་ཚུལ་བཞིན་མི་སྤྱོད་དེ། གང་གི་དོན་དུ་མཱ་ཤི་ཀ་གྲོངས་པའི་མི་དེ། ཁྱོད་ཀྱི་ཁ་ཟས་ཀྱིས་འཕུང་དུ་མ་འཇུག ༡༦ ཁྱེད་ཕྱིར་ལེགས་པ་ཟེར་བ་དེ་ལ་ངན་པ་ཟེར་མ་འཇུག ༡༧ དཀོན་མཆོག་གི་རྒྱལ་སྲིད་ནི་ཟ་བཏུང་མ་ཡིན་གྱི། དམ་པའི་ཐུགས་ཉིད་ནང་ཐར་པ་དང་། ཞི་བདེ་དང་། དགའ་སྤྲོ་ལགས་སོ། ༡༨ དེ་ལྟར་མཱ་ཤི་ཀའི་གཡོག་བྱེད་པ་དེ་ལ། དཀོན་མཆོག་ཀྱང་དགྱེས་ཤིང་མིའང་དགའོ༎
༡༩ ང་ཚོས་ཕན་ཚུན་ཞི་བདེ་དང་ཡར་སྐྱེད་ལ་བརྩོན་པར་བྱའོ། ༢༠ ཁ་ཟས་ཀྱི་རྐྱེན་གྱིས་དཀོན་མཆོག་གི་འཕྲིན་ལས་མ་ཤིག ཐམས་ཅད་གཙང་མ་ཡིན་ཀྱང་། མི་ཞིག་གིས་ཟ་བའི་རྐྱེན་གྱིས་གཞན་ལ་རྐང་པ་ཐོགས་པའི་རྡོ་བཞག་ན་ངན་པ་ཡིན། ༢༡ ཤ་ཟ་བ་དང་ཆང་འཐུང་བ་སོགས་ཁྱེད་ཀྱི་སྤུན་ལྟུང་བའི་རྒྱུ་སྤོང་བ་ལེགས་སོ། ༢༢ ཁྱོད་ཀྱི་ལྟ་བ་དེ་ཁྱོད་རང་གི་སྙིང་ནང་དཀོན་མཆོག་གི་དྲུང་དུ་སྲུང་ཞིག རང་གི་བསམ་པ་ལ་ཁྲེལ་དགོས་མེད་པ་དེ་བདེའོ། ༢༣ རྣམ་རྟོག་ཅན་གྱིས་ཟ་ན། དད་པ་བཞིན་མི་བྱེད་པས། ཆད་པ་ཕོག་གོ། དད་པ་ནས་མི་འབྱུང་བ་དེ་སྡིག་པ་ཡིན་ནོ༎