༡༡
ཀྱེ་ལི་བ་ནོན། མེས་ཁྱོད་ཀྱི་འགྱམ་ཤིང་ཟ་བའི་ཕྱིར་རང་གི་སྒོ་རྣམས་ཕྱེས་ཤིག  ཟིལ་དང་ལྡན་པ་རྣམས་བརླགས་ཏེ། འགྱམ་ཤིང་ནི་གྱེལ་བས་ན། ཀྱེ་སོམ་ཤིང་དུ་འབོད་ཐོང་ཞིག ཀྱེ་བཱ་ཤན་གྱི་བེ་ཤིང་རྣམས། ནགས་ཚལ་མཐུ་ལྡན་ནི་ལྷུང་བས། ངུ་འབོད་ཐོན་ཞིག  རྫི་བོ་རྣམས་ཀྱི་དཔལ་ཡལ་བས། དེ་དག་གི་ངུ་སྐད་ལྷངས་སེ་ལྷང་། ཡོར་དན་གྱི་ང་རྒྱལ་བཅག་པས། སེང་དར་མ་རྣམས་ཀྱི་ངར་སྐད་ཐོས།
 ཡ་ཧོ་ཝཱ་ངའི་དཀོན་མཆོག་གིས་འདི་སྐད་གསུང་། བཤས་ལུག་རྣམས་འཚོ་བ་ལ་ཁྱེར།  དེའི་ཉོ་མཁན་རྣམས་ཀྱིས་གསོད་ཀྱང་འགལ་མི་རྩི། དེ་དག་འཚོང་བ་རྣམས་ཀྱིས་ཀྱང་ང་ཕྱུག་པོར་གྱུར་པས། ཡ་ཧོ་ཝཱ་ལ་བཀྲ་ཤིས་ཤོག་ཅེས་ཟེར། དེ་དག་རང་གི་ལུག་རྫི་རྣམས་ཀྱིས་ཀྱང་དེ་དག་ལ་སྙིང་མི་རྗེའོ།  དེ་ཅིའི་ཕྱིར་ཞེ་ན། ད་ཕྱིན་ཆད་དུ་བདག་གིས་ཡུལ་རྣམས་ལ་སྙིང་རྗེ་བར་མི་བྱའི། ཡ་ཧོ་ཝཱའི་བཀའ་ནི། ཀྱེ་ཧོ། ངས་མི་དེ་རྣམས་ལས་རེ་རེ་དེའི་ཁྱིམ་མཚེས་དང་། དེའི་རྒྱལ་པོའི་དབང་དུ་གཏད་པ་དང་། དེ་དག་གིས་ཡུལ་འཇིག་པར་བྱ་ཡང་། ངས་དེ་དག་གི་ལག་ནས་ཁོ་རྣམས་མི་བསྒྲལ་ལོ༎
 དེ་ལྟར་ངས་བཤས་ལུག་དེ་རྣམས་སམ། ལུག་ཁྱུའི་ཤིན་ཏུ་དབུལ་བ་རྣམས་འཚོ་བ་ལ་ཁྱེར་ཏེ། ངས་དབྱུག་པ་གཉིས་བླངས་ནས། གཅིག་གི་མིང་དུ་དྲིན་ཅན་དང་། གཞན་དེ་ལ་སྐ་རགས་ཞེས་བཏགས་ཤིང་། ངས་ལུག་ཁྱུ་འཚོ་བར་བྱས་པ་ལས།  ངས་ཟླ་བ་གཅིག་གི་ནང་དུ་ལུག་རྫི་གསུམ་གྱི་སྲོག་བཅད་དེ། དེ་དག་ལ་ངའི་ཞེན་པ་ལོག དེ་དག་གིས་ཀྱང་ང་ལ་ཁྱད་དུ་སད།  དེ་ནས་ངས། ངས་ཁྱོད་མི་སྲེལ་གྱི། འཆི་མཁན་ནི་འཆི་རུ་ཆུག་དང་སྲོག་གཅད་རྒྱུ་ནི་གཅོད་དུ་ཆུག ཕྱི་ལུས་རྣམས་གཅིག་ཤ་གཅིག་གིས་ཟ་རུ་ཆུག་ཅིག ༡༠ དེ་ནས་ངས་མི་བརྒྱུད་ཐམས་ཅད་དང་བཅས་པའི་ཞལ་བཞེས་དེ་གཅོག་པའི་ཕྱིར་དུ། ངས་དབྱུག་པ་དྲིན་ཅན་བྱ་བ་དེ་བླངས་ནས་བཅག ༡༡ ཉིན་མོ་དེ་ཀར་བཅག་པ་ཡིན། དེ་ལྟར་ང་ལ་བསྒུག་པའི་ལུག་ཁྱུའི་དབུལ་བ་རྣམས་ཀྱིས་དེ་ནི་ཡ་ཧོ་ཝཱའི་བཀའ་ལགས་པ་རྟོགས་པར་བྱས་སོ། ༡༢ ཡང་ངས་དེ་དག་ལ། ཅི་སྟེ་ཁྱོད་ཅག་གི་མིག་ཏུ་འབབ་ན། བདག་གི་གླ་ང་ལ་སྤྲོད་ཅིག མི་འབབ་ཚེ་འབོར་ལ་ཐོང་སྨྲས་པ་ལས། དེ་དག་གིས་ངའི་གླ་རུ་དངུལ་སུམ་ཅུ་བསྐར་ནས་སྤྲད་དོ། ༡༣ ཡང་ཡ་ཧོ་ཝཱས་བདག་ལ། དེ་དག་གིས་ངའི་གོང་ཐང་བཅད་པའི་རིན་ཡག་པོ་དེ། དེ་ནི་དཀོར་མཛོད་དུ་དབྱུག་ཅིག་ཅེས་བསྒོའོ། དེ་ནས་དངུལ་སུམ་ཅུ་དེ་ངས་བླངས་ཏེ། ཡ་ཧོ་ཝཱའི་ཕོ་བྲང་ན་དཀོར་མཛོད་དུ་དབྱུགས་སོ། ༡༤ དེའི་འོག་ཏུ་ཡ་ཧུ་དཱ་དང་ཨིས་ར་ཨེལ་གཉིས་ཀྱི་སྤུན་འབྲེལ་གཅོད་པའི་ཕྱིར། རང་གི་གཞན་དབྱུག་པ་སྐ་རགས་བྱ་བ་དེ་ངས་བཅག་གོ།
༡༥ ཡང་ཡ་ཧོ་ཝཱས་བདག་ལ། ད་དུང་ཡང་ཁྱོད་ཀྱིས་རང་ལ་ལུག་རྫི་བླུན་པོའི་ལག་ཆ་ལོངས་ཤིག ༡༦ གང་ལ་ཞེ་ན། ཀྱེ་ཧོ། འཆི་ལ་ཁད་པའི་རྩར་མི་འཁོར་བ་དང་། སྟོར་བ་མི་འཚོལ་བ་དང་། སྣད་པོའི་རྨ་མི་གསོ་བ་དང་། ནད་མེད་ཡོད་པ་མི་འཚོ། འོན་ཀྱང་རྒྱགས་པའི་ཤ་ཟ་བ་དང་། དེ་དག་གི་རྐང་རྨིག་འགེས་སུ་འཇུག་པའི་རྫི་བོ་ཞིག་ངས་ཡུལ་གྱི་ནང་ན་བསླང་བར་བྱའོ། ༡༧ ལུག་རྣམས་དབྱུག་བཞག་པའི་ལུག་རྫི་རིགས་ངན་དེ་བཀྲ་མི་ཤིས། ཁོའི་ཕྲག་པ་དང་མིག་གཡས་པའི་ཁར་རལ་གྲི་འཕོག་པར་འགྱུར། དེའི་ཕྲག་ངར་རྩད་ནས་བསྐམས་ཏེ། མིག་གཡས་པ་དེ་ཡོངས་སུ་མདོངས་པར་འགྱུར་རོ། ཞེས་གསུངས་སོ༎