༡༠
ཆར་དུས་ཕྱི་མའི་ཆར་ཆུ་འབེབས་སུ་ཡ་ཧོ་ཝཱ་ལ་ཞུས་ཤིག ཡ་ཧོ་ཝཱས་གློག་རྣམས་མཛད་དེ། རྩྭ་རེ་རེ་ལ་དྲག་ཆར་གནང་བར་མཛད། ༢ དེ་ཅིའི་ཕྱིར་ཞེ་ན། ཐེ་ར་ཕིམ་གྱིས་འཆོལ་གཏམ་བཤད། མངོན་ཤེས་པ་རྣམས་ཀྱིས་མིག་འཁྲུལ་ཞིག་མཐོང་སྟེ། རྫུན་གྱི་རྨི་ལམ་རྣམས་བཤད་དེ། ཕན་མེད་ཀྱི་སེམས་གསོ་གཏོང་། དེ་དག་ལ་རྫི་བོ་གང་ཡང་མེད་པས། ལུག་ཁྱུ་ལྟར་ཁ་འཐོར་ཞིང་མནར་བར་གྱུར་ཏོ། ༣ རྫི་བོ་རྣམས་ལ་ངའི་ཁོང་ཁྲོ་འབར་ནས། ར་ཕོ་རྣམས་ལ་ཆད་པས་བཅད། གང་ལ་ཞེ་ན། དཔུང་ཆེན་གྱི་ཡ་ཧོ་ཝཱས་ཉིད་ཀྱི་ཁྱུ་ཡ་ཧུ་དཱའི་མི་བརྒྱུད་ལ་གཟིགས་ཏེ། དམག་སའི་ཉིད་ཀྱི་ཆིབས་བཟང་པོ་དང་འདྲ་བར་མཛད་དེ། ༤ ཁོའི་ནང་ནས་ཟུར་རྡོ་དང་། ཁོའི་ནང་ནས་ཕུར་པ་དང་། ཁོའི་ནང་ནས་དམག་གཞུ་དང་། དེ་ཁོ་ནའི་ནང་ནས་མི་དཔོན་ཐམས་ཅད་འཐོན་པར་འགྱུར། ༥ དེ་དག་གིས་དཔའ་བོ་བཞིན་འཐབ་མོའི་ནང་དུ་དགྲ་བོ་རྣམས་ལམ་སྲང་གི་འདམ་ནང་རྫི་ཞིང་། ཡ་ཧོ་ཝཱ་དེ་དག་དང་འགྲོགས་ཤིང་འཐབ་པས། རྟར་ཞོན་པ་རྣམས་ཀྱི་ངོ་འབབ་པར་འགྱུར།༦ ཡང་ངས་ཡ་ཧུ་དཱའི་མི་བརྒྱུད་སྟོབས་དང་ལྡན་པར་བྱས་པས། ཡོ་སེབ་ཀྱི་མི་བརྒྱུད་སྒྲོལ་བར་བྱས་ཏེ། ངས་དེ་དག་འཚུགས་སུ་འཁྲིད་པར་བྱའོ། གང་ལ་ཞེ་ན། ངས་དེ་དག་ལ་ཐུགས་རྗེས་གཟིགས་པས། ངས་དེ་དག་ནམ་ཡང་མ་བསྐྱུར་པ་བཞིན་དུ་འགྱུར་བར་འགྱུར། དེ་ཅིའི་ཕྱིར་ཞེ་ན། ང་ཡ་ཧོ་ཝཱ་དེ་དག་གི་དཀོན་མཆོག་ལགས་ཏེ། དེ་དག་ལ་སྙན་གཏོད་པར་བྱའོ། ༧ ཡང་ཨེབ་ར་ཨིམ་པ་རྣམས་ནི་དཔའ་བོ་དང་མཚུངས་ཤིང་། དེ་དག་གི་སྙིང་ནི་རྒུན་ཆང་གིས་དགའ་བ་བཞིན་དུ་ཡིད་མགུ་བ་དང་། རང་གི་བུ་བརྒྱུད་རྣམས་ཀྱིས་དེ་མཐོང་སྟེ་ཡི་རང་བ་དང་། དེ་དག་གི་སྙིང་ནི་ཡ་ཧོ་ཝཱའི་ངང་ན་དགའ་བར་འགྱུར་རོ༎
༨ ངས་དེ་དག་བླུས་པས། ངས་ཤུགས་སྒྲ་བཏང་སྟེ་དེ་དག་བསྡུས་ཏེ། དེ་དག་འཕེལ་བར་གྱུར་པ་བཞིན་དུ་འཕེལ་བར་འགྱུར། ༩ ཡང་ངས་དེ་དག་མི་བརྒྱུད་རྣམས་ཀྱི་ཁྲོད་དུ་འཐོར་བར་བྱ་ཡང་། དེ་དག་གིས་ས་ཐག་རིང་པོའི་ཡུལ་རྣམས་ན་ང་དྲན་པར་བྱ་ཞིང་། རང་གི་ཕྲུ་གུ་རྣམས་དང་ལྷན་ཅིག་ཏུ་འཚོ་ཞིང་། སླར་ལྡོག་པར་འགྱུར། ༡༠ ངས་དེ་དག་མི་སེར་ཡུལ་ནས་ཀྱང་དྲངས་ཏེ། ཨ་སུར་གྱི་ནང་ནས་བསྡུས་ཏེ། གིལ་ཨད་དང་ལི་བ་ནོན་གྱི་གནས་སུ་སླར་འཁྲིད་པར་བྱ་བ་དང་། དེར་དེ་དག་ཤོང་བར་མི་འགྱུར། ༡༡ ཡང་དེ་ནི་སྡུག་བསྔལ་གྱི་རྒྱ་མཚོའི་ཕ་རོལ་དུ་བརྒལ་ཏེ། རྒྱ་མཚོའི་རྦ་རླབས་རྣམས་ལ་བརྡེག་པ་དང་། ཆུ་བོའི་གཏིང་ཟབ་པོ་རྣམས་སྐེམ་པར་འགྱུར་ཞིང་། ཨ་སུར་གྱི་ང་རྒྱལ་ཆམ་ལ་འབབ་པ་དང་། མི་སེར་གྱི་དབྱུག་པ་ནུབ་པར་འགྱུར། ༡༢ ཡང་ངས་ཡ་ཧོ་ཝཱའི་ངང་ན་དེ་དག་སྟོབས་དང་ལྡན་པར་བྱས་ཏེ། དེ་དག་གིས་ཁོང་གི་མཚན་བརྗོད་ཅིང་ཡར་མར་རྒྱུ་བར་འགྱུར་རོ། ཞེས་ཡ་ཧོ་ཝཱས་གསུང་ངོ་༎