༩
ཡ་ཧོ་ཝཱའི་ཞལ་གཟིགས་ཀྱི་བཀའ་མཆིད་ཧད་རག་ཡུལ་ལ་གནོད་ཅིང་། ད་མཱ་སེག་གི་བར་བསླེབ་ནས། དེར་གཞིས་འབེབས་པར་བྱའོ། དེའི་ཚེ་མིའི་བུ་རྣམས་དང་ཨིས་ར་ཨེལ་གྱི་སྡེ་ཀུན་གྱི་མིག་ཡ་ཧོ་ཝཱའི་ཕྱོགས་སུ་ཡོད་པར་འགྱུར། ༢ དེའི་ཉེ་འཁོར་དུ་ཡོད་པའི་ཧ་མད་དང་། ཚོར་དང་། ཚི་དོན་གསུམ་ཤིན་ཏུ་མཁས་རུང་། དེ་ནི་དེ་དག་ལ་གནོད་པའི་ཕྱིར་ཡིན། ༣ དེའང་ཚོར་གྱིས་རང་ལ་རྫོང་བཙན་པོ་བརྩིགས་ཏེ། ཐལ་བ་བཞིན་དུ་དངུལ་དང་། ལམ་སྲང་གི་འདམ་རྫབ་བཞིན་དུ་གསེར་བཙོ་མ་ཚགས་བྱས་མོད། ༤ ལྟོས་ཤིག ཡ་ཧོ་ཝཱས་མོ་བཅོམ་ནས། མོའི་སྟོབས་རྒྱ་མཚོར་ཕང་སྟེ། དེ་རང་མེ་གཟན་དུ་འགྱུར་བར་འགྱུར་བ་དང་། ༥ ཨས་ཀ་ལོན་གྱིས་དེ་མཐོང་ནས་དངང་སྐྲག་ཅིང་། ག་ཟཱས་ཀྱང་དེ་མཐོང་ནས་རབ་ཏུ་སྡུག་བསྔལ་ཞིང་། ཨེག་རོན་ཡང་དེ་ལ་བསྒུག་པས་སྐྱེངས་ཏེ། ག་ཟཱ་རུ་རྒྱལ་བརྒྱུད་ཆད་པར་འགྱུར། ཨས་ཀ་ལོན་མི་འཚུགས། ༦ དེ་ནས་ནལ་ཕྲུག་གིས་ཨས་དོད་དུ་སྲིད་སྐྱོང་བར་བྱ། ཡང་ངས་ཕེ་ལེ་ཤེད་པའི་ཕོ་སོ་དེ་མེད་པར་བྱས་ཏེ། ༧ ངས་དེའི་ཁ་ལས་དེའི་ཁྲག་དང་། དེའི་སོ་བར་ནས་དེའི་ཞེན་ལོག་དབྱུང་། དེ་རང་ནི་ངེད་ཀྱི་དཀོན་མཆོག་གི་དོན་དུ་ལྷག་སྟེ། དེ་ནི་ཡ་ཧུ་དཱའི་ནང་དུ་ཇོ་བོ་ཞིག་དང་འདྲ་བར་འགྱུར། ཨེག་རོན་ནི་ཡེ་བུས་པ་དང་འདྲ་བར་འགྱུར་བར་འགྱུར།༨ ཡང་དམག་འཁྲུག་གིས་རྐྱེན་ཏེ་སུའང་དེ་ནས་ཕར་མི་རྒྱུ་བ་དང་ཚུར་མི་ལོག་པའི་དོན་དུ། ངས་རང་གི་ཕོ་བྲང་གི་མཐའ་འཁོར་དུ་དམག་སྒར་འཛུག་པ་དང་། ཕྱིན་ཆད་དུ་བརྡབ་སིགས་བྱེད་པ་གང་ཡང་དེའི་ཁྲོད་དུ་རྒྱུ་བར་མི་འགྱུར། དེ་ཅིའི་ཕྱིར་ཞེ་ན། ད་བདག་ཉིད་ཀྱི་སྤྱན་གྱིས་གཟིགས་པས་སོ༎
༩ ཀྱེ་ཙི་ཨོན་གྱི་བུ་མོ་རབ་ཏུ་ཡི་རངས་ཤིག ཀྱེ་ཡེ་རུ་ཤ་ལེམ་གྱི་བུ་མོ་ཀུ་ཐེག་ཅིག ཀྱེ་ཧོ། ཁྱོད་ཀྱི་རྒྱལ་པོ་ཁྱོད་ཀྱི་དྲུང་དུ་འབྱོན། ཐུགས་གཞི་དྲང་ལ། བདེ་ཆེན་ཁོང་ལ་མངའ། ཆེ་ཐབས་མེད་ཅིང་བོང་བུར་འཆིབ། བོང་མོའི་ཐུར་བུ་བོང་གསར་ལ་འཆིབ། ༡༠ ངས་ཨེབ་ར་ཨིམ་ལས་ཤིང་རྟ་དང་། ཡེ་རུ་ཤ་ལེམ་ལས་རྟ་མེད་པར་བྱ་སྟེ། དམག་གཞུ་གཅག ཁོང་གིས་མི་སྡེ་རྣམས་ལ་ཞི་བདེ་བཀར་འདོགས་ཤིང་། ཁོང་གི་ཆབ་སྲིད་རྒྱ་མཚོ་ལས་རྒྱ་མཚོའི་བར་དུ་དང་། ཆུ་བོ་ནས་སའི་མུ་མཐའི་བར་དུ་ཡོད་པར་འགྱུར། ༡༡ ཁྱོད་རང་ནི། ཁྱོད་དང་བཅས་པའི་ཞལ་ཆད་ཀྱི་ཁྲག་ལ་བརྟེན་ནས། ཁྱོད་ཀྱི་བཙོན་པ་རྣམས་ཆུ་མེད་པའི་དོང་ལས་ངས་བཏོན་ཏོ། ༡༢ ཀྱེ་རེ་བའི་བཙོན་པ་རྣམས། རྫོང་བཙན་པོའི་ཕྱོགས་སུ་ལྡོག་ཅིག དེ་རིང་ཁྱོད་ལ་ཉི་ལྡབ་གཏོང་བ་ངས་ཁས་ལེན་ནོ༎
༡༣ དེ་ཅིའི་ཕྱིར་ཞེ་ན། ངས་ཉིད་ཀྱི་ཕྱིར་ཡ་ཧུ་དཱ་བཀུག་སྟེ། གཞུ་མོ་ནི་ཨེབ་ར་ཨིམ་གྱིས་བཀང་སྟེ། ཀྱེ་ཙི་ཨོན། ངས་ཁྱོད་ཀྱི་བུ་རྣམས་ཧེལ་ལེན་ཡུལ་གྱི་བུ་རྣམས་ཀྱི་དགྲར་སློང་བར་བྱ་སྟེ། ཁྱོད་དཔའ་བོའི་རལ་གྲི་བཞིན་བྱའོ། ༡༤ དེ་ཚོའི་སྟེང་དུ་ཡ་ཧོ་ཝཱ་སྣང་སྟེ། ཁོང་གི་མདའ་ནི་གློག་འདྲར་འཐོན་འོང་། ཡང་ཡ་ཧོ་ཝཱ་གཙོ་བོས་དུང་འབུད་ཅིང་། ལྷོ་ཕྱོགས་ཀྱི་རླུང་དྲག་རྣམས་དང་བཅས་གཤེགས་པར་འགྱུར། ༡༥ དཔུང་ཆེན་གྱི་ཡ་ཧོ་ཝཱས་དེ་དག་སྐྱབས་ཏེ། དེ་དག་གིས་མིད་ཅིང་། དབྱུག་རྡོའི་རྡོ་རྣམས་རྫི་བར་བྱ། དེ་དག་གིས་འཐུང་ཞིང་། རས་བཟིས་པ་ལྟར་ཀུ་སྒྲ་འདེགས་པར་འགྱུར། ཕོར་པ་དང་མཆོད་ཁྲིའི་གྲུ་རྣམས་དང་འདྲ་བར་དེ་དག་གང་བར་འགྱུར། ༡༦ ཡང་ཡ་ཧོ་ཝཱ་དེ་དག་གི་དཀོན་མཆོག་གིས་ཉིན་མོ་དེར་དེ་དག་ཉིད་ཀྱི་འབངས་ཀྱི་ལུག་ཁྱུ་ལྟར་སྐྱོབ་པར་བྱའོ། དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་རང་གི་ཡུལ་གྱི་མཐོ་སར་བསྒྲེངས་པའི་ཅོད་པན་གྱི་རྡོ་བ་རིན་པོ་ཆེ་རྣམས་དང་འདྲ་བར་འགྱུར། ༡༧ གང་ལ་ཞེ་ན། ཁོང་གི་བཀའ་དྲིན་ནི་ཅི་འདྲ་ཆེ། ཁོང་གི་ཟིལ་ནི་ཅི་འདྲ་དྲག གཞོན་ནུ་དག་འབྲུ་དང་། བུ་མོ་རྣམས་རྒུན་ཆང་གིས་འཚར་སྐྱེད་སྤེལ་བར་འགྱུར་རོ༎