ཡང་ཡ་ཧོ་ཝཱའི་བཀའ་བདག་ལ་བྱུང་ནས་འདི་སྐད་གསུང་།  དཔུང་ཆེན་ཡ་ཧོ་ཝཱས་འདི་སྐད་གསུང་། ཙི་ཨོན་གྱི་ཕྱིར་བདག་ལ་འཁྲེན་སེམས་རབ་ཏུ་ཆེ་བའི་ངང་ནས་འཁྲེན་སེམས་བསྐྱེད་དེ། བདག་ཁོང་ཁྲོ་ཆེ་བའི་ངང་ནས་དིའི་ཕྱིར་འཁྲེན་སེམས་སྐྱེད་དོ།  ཡ་ཧོ་ཝཱས་འདི་སྐད་གསུང་། བདག་ཙི་ཨོན་གྱི་ཕྱོགས་སུ་ལོག་འོང་ཞིང་། ཡེ་རུ་ཤ་ལེམ་གྱི་གཞུང་དུ་གདན་ཆགས་ཤིང་། ཡེ་རུ་ཤ་ལེམ་ལ་དྲང་བ་ཉིད་ཀྱི་གྲོང་ཁྱེར་དང་། དཔུང་ཆེན་གྱི་ཡ་ཧོ་ཝཱའི་རི་བོ་ལ། རི་བོ་དམ་པའི་མིང་གིས་འགྲགས་པར་འགྱུར།  དཔུང་ཆེན་གྱི་ཡ་ཧོ་ཝཱས་འདི་སྐད་གསུང་། ད་དུང་ཡང་རྒད་པོ་དང་རྒད་མོ་རྣམས་ཡེ་རུ་ཤ་ལེམ་གྱི་ལམ་སྲང་ན་སྡོད་ཅིང་། ན་སོ་བགྲེས་པས། མི་རེའི་ལག་ན་དབྱུག་པ་ཡོད་པར་བྱ།  གྲོང་ཁྱེར་གྱི་ལམ་སྲང་རྣམས་རྩེད་མོ་རྩེད་པའི་བུ་དང་བུ་མོས་གང་བར་འགྱུར་རོ།  དཔུང་ཆེན་གྱི་ཡ་ཧོ་ཝཱས་འདི་སྐད་གསུང་། མི་བརྒྱུད་འདིའི་ལྷག་མ་རྣམས་ཀྱི་མིག་གི་མདུན་དུ་ཉིན་མོ་དེ་རྣམས་ལ་ཧ་ལས་རུང་། ངའི་གཟིགས་སྣང་ལའང་ཧ་ལས་ཤིག་སྣང་བར་འགྱུར་རམ། ཞེས་དཔུང་ཆེན་གྱི་ཡ་ཧོ་ཝཱས་གསུང་།  དཔུང་ཆེན་གྱི་ཡ་ཧོ་ཝཱས་འདི་སྐད་གསུང་། ལྟོས་ཤིག བདག་གིས་རང་གི་མི་སྡེ་ཤར་ཕྱོགས་དང་། ཉི་མ་ནུབ་སའི་ཡུལ་ནས་བསྒྲལ་ཏེ།  ངས་དེ་དག་དྲངས་པ་ལས། ཡེ་རུ་ཤ་ལེམ་གྱི་དབུས་ན་གནས་ཤིང་། དེ་དག་ངའི་མི་སྡེ་དང་། ང་བདེན་པ་ཉིད་དང་དྲང་བ་ཉིད་ཀྱི་ངང་ནས་དེ་དག་གི་དཀོན་མཆོག་ཏུ་འགྱུར་བར་འགྱུར་རོ༎
 དཔུང་ཆེན་གྱི་ཡ་ཧོ་ཝཱས་འདི་སྐད་གསུང་། དེང་སང་ལུང་སྟོན་པ་རྣམས་ཀྱི་ངག་གི་སྒོ་ནས། དཔུང་ཆེན་གྱི་ཡ་ཧོ་ཝཱའི་ཕོ་བྲང་ངམ། མཆོད་ཁང་བཞེང་བའི་དོན་དུ། ཞབས་གདན་བཏིང་བའི་ཉིན་མོར་ཚིག་འདི་དག་ཐོས་པ་ཁྱོད་ཀྱི་ལག་པ་ཤེད་དང་ལྡན་པར་བྱོས་ཤིག ༡༠ དེ་ཅིའི་ཕྱིར་ཞེ་ན། དེང་སང་ལས་སྔོན་དུ་མི་ལ་ལག་གླ་གང་ཡང་མེད་དེ། དུད་འགྲོར་བཀོལ་གླ་ཡང་མེད་ཅིང་། དགྲ་བོས་རྐྱེན་ཏེ་འགྲོ་མཁན་དང་འོང་མཁན་གཉིས་པོར་ཞི་བདེ་མེད་པ་ཡིན། གང་ལ་ཞེ་ན། བདག་གིས་མི་ཐམས་ཅད་རེ་རེ་རང་གི་ཁྱིམ་མཚེས་པའི་དགྲར་འགྱུར་དུ་བཏང་བའི་ཕྱིར་རོ། ༡༡ འོན་ཀྱང་མི་སྡེ་ལྷག་མ་འདི་ལ་བདག་སྔར་ཡོད་པ་བཞིན་ད་ཡོད་པར་མི་འགྱུར་ཞེས་དཔུང་ཆེན་གྱི་ཡ་ཧོ་ཝཱས་གསུང་ངོ་། ༡༢ དེ་ཅིའི་ཕྱིར་ཞེ་ན། ལོ་ལེགས་ཤིང་། རྒུན་ཤིང་གིས་རང་གི་འབྲས་བུ་དང་། ས་ཡིས་རང་གི་སྟོན་ཐོག་སྦྱིན་ཞིང་། གནམ་གྱིས་རང་གི་ཟིལ་པ་གཏང་བ་དང་། ངས་མི་སྡེ་འདིའི་ལྷག་མ་ལ་དེ་ཐམས་ཅད་དབང་དུ་གཞུག ༡༣ དེའི་འོག་ཏུ། ཀྱེ་ཡ་ཧུ་དཱའི་མི་བརྒྱུད་དང་། ཀྱེ་ཨིས་ར་ཨེལ་གྱི་མི་བརྒྱུད། ཇི་ལྟར་ཁྱོད་ཅག་ཕྱི་པ་རྣམས་ཀྱི་ཁྲོད་དུ་དམོད་མོར་གྱུར་པ་ནང་བཞིན་དུ། ངས་ཁྱོད་ཅག་བསྒྲལ་ཏེ། ཁྱོད་ཅག་བྱིན་རླབས་སུ་འགྱུར་བར་འགྱུར། སྙིང་མ་ཆུང་བར་རང་གི་ལག་པ་ཤེད་དང་ལྡན་པར་བྱོས་ཤིག
༡༤ དེ་ཅིའི་ཕྱིར་ཞེ་ན། དཔུང་ཆེན་གྱི་ཡ་ཧོ་ཝཱས་འདི་སྐད་གསུང་། ཇི་ལྟར་ཁྱོད་ཀྱི་ཕ་མེས་རྣམས་ཀྱིས་ངའི་ཐུགས་ཁྲོ་དཀྲུག་པའི་ཚེ། ངས་ཁྱོད་ཅག་ལ་ཆད་པས་གཅོད་པའི་འདུན་པ་བསྐྱེད་པ་ཡིན། དཔུང་ཆེན་གྱི་ཡ་ཧོ་ཝཱའི་བཀའ་ནི། ང་ལ་ཐུགས་འགྱོད་མ་བྱུང་བ་ནང་བཞིན་དུ། ༡༥ དེང་སང་ཡང་ཡེ་རུ་ཤ་ལེམ་དང་། ཡ་ཧུ་དཱའི་མི་བརྒྱུད་ལ་ལེགས་པར་བྱེད་པའི་འདུན་པ་བསྐྱེད་པས། སྙིང་མ་ཆུང་ཞིག ༡༦ ཁྱོད་ཅག་གིས་བྱེད་དགོས་པ་ནི། མི་རེ་རེས་རང་གི་ཁྱིམ་མཚེས་ལ་ཚིག་དྲང་པོ་སྨྲོས་ཤིག རང་གི་རྒྱ་སྒོར་ཁྲིམས་དྲང་པོ་དང་། བདེ་བའི་ཞལ་ཆེ་ཆོད་ཅིག ༡༧ ཁྱོད་ཀྱི་ནང་ནས་སུས་ཀྱང་རང་གི་ཁྱིམ་མཚེས་ལ་ངན་སེམས་མ་སྐྱེད་ཅིག བརྫུན་གྱི་མནའ་ལ་མ་དགའ་ཞིག གང་ལ་ཞེ་ན། བྱ་བ་འདི་ཐམས་ཅད་ལ་ངས་འཁོན་དུ་འཛིན་ནོ། ཞེས་ཡ་ཧོ་ཝཱས་གསུང་ངོ་༎
༡༨ ཡང་བདག་ལ་དཔུང་ཆེན་གྱི་ཡ་ཧོ་ཝཱའི་བཀའ་བྱུང་ནས་འདི་སྐད་གསུང་། ༡༩ དཔུང་ཆེན་གྱི་ཡ་ཧོ་ཝཱས་འདི་སྐད་གསུང་། ཟླ་བ་བཞི་པའི་སྨྱུང་གནས་དང་། ལྔ་པའི་སྨྱུང་གནས་དང་། བདུན་པའི་སྨྱུང་གནས་དང་། བཅུ་པའི་སྨྱུང་གནས་རྣམས་ནི། ཡ་ཧུ་དཱའི་མི་བརྒྱུད་ལ་དགའ་མགུ་ཞིང་ཡི་རང་བ་དང་། བློ་བདེ་བའི་དུས་ཆེན་རྣམས་སུ་འགྱུར་བར་འགྱུར། དེ་བས་ན་དྲང་བ་ཉིད་དང་ཞི་བདེ་ལ་ཆགས་པར་གྱིས་ཤིག
༢༠ དཔུང་ཆེན་གྱི་ཡ་ཧོ་ཝཱས་འདི་སྐད་གསུང་། ད་དུང་ཡང་མི་སྡེ་རྣམས་དང་། གྲོང་ཁྱེར་མང་པོར་གནས་པ་རྣམས་འོང་སྟེ། ༢༡ གྲོང་ཁྱེར་གཅིག་གི་མི་གྲོང་ཁྱེར་གཞན་དུ་ཆས་ཏེ། ངེད་ལ་ཡ་ཧོ་ཝཱའི་ཞལ་གྱི་གཟིགས་པ་ཐོབ་ཅིང་། དཔུང་ཆེན་གྱི་ཡ་ཧོ་ཝཱ་འཚོལ་བའི་སླད་དུ་མྱུར་དུ་འདོང་ལ། ང་ཡང་འགྲོའོ། ཞེས་སྨྲ་བར་འགྱུར། ༢༢ འོ་ན། མི་སྡེ་དུ་མ་དང་། མཐུ་ལྡན་གྱི་མི་སྡེ་རྣམས་ཀྱིས་ཡ་ཧོ་ཝཱ་འཚོལ་བ་དང་། ཡ་ཧོ་ཝཱའི་ཞལ་གྱི་གཟིགས་པ་ཐོབ་ཏུ་ཡེ་རུ་ཤ་ལེམ་དུ་སླེབ་པར་འགྱུར་རོ། ༢༣ དཔུང་ཆེན་གྱི་ཡ་ཧོ་ཝཱས་འདི་སྐད་གསུང་། ཉིན་མོ་དེ་རྣམས་ཀྱི་ནང་དུ་མི་བརྒྱུད་ཐམས་ཅད་ཀྱི་ནང་ནས་སྐད་མི་གཅིག་པའི་སྐྱེས་པ་བཅུ་ཕྲག་གིས་ལག་པ་བརྐྱང་སྟེ། ཡ་ཧུ་དཱ་པ་ཡིན་པའི་མི་གཅིག་གི་ཐུ་བ་ལ་འཇུས་ནས། དཀོན་མཆོག་ནི་ཁྱེད་དང་འགྲོགས་པའི་སྐད་ཆ་ང་ཚོས་ཐོས་པས། ངེད་ཁྱེད་དང་སྡོངས་ནས་འགྲོ་བར་བྱའོ། ཞེས་ཞུ་བར་འགྱུར་རོ༎